མཚོ་སྔོན་ཞིང་ཆེན་གྱིས་ཕུལ་བྱུང་གློག་བརྙན་འཁྲབ་གཞུང་བསྡུ་བའི་བརྡ་སྦྱོར།

ཏང་གི་སྐབས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཉིས་ནན་ནན་ཏིག་ཏིག་གིས་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གློག་བརྙན་གྱི་འཁྲབ་གཞུང་གསར་རྩོམ་ལ་སྐུལ་སྤེལ་དང་། གློག་བརྙན་སྒྲིག་འཁྲབ་ཕྱོགས་ཀྱི་འཇོན་མི་སྐྱེད་སྲིང་བྱ་ཆེད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས“གློག་བརྙན་འཁྲབ་གཞུང་འཚོལ་སྡུད་དང་སྐྱེད་སྲིང་རོགས་དངུལ་གྱི་ལས་གཞིའི་མཛོད”གཟུག་རྒྱུ་ཡིན་པས། 2021ལོ་ནས2025ལོའི་བར་དུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་ཡོངས་ལ་ཁ་ཕྱོགས་ནས་ཕུལ་བྱུང་གློག་བརྙན་འཁྲབ་གཞུང་བསྡུ་རྒྱུ་དང་། ལོ་རེར་འཚོལ་སྡུད་བྱས་པའི་འཁྲབ་གཞུང་ཁྲོད་ནས་བརྩམས་ཆོས་ཕུལ་བྱུང་ཅན་འདེམས་ཏེ་ལས་གཞིའི་མཛོད་དུ་བཅུག་ཐོག་དམིགས་སུ་རོགས་དངུལ་གནང་རྒྱུ་ཡིན། གཤམ་ནི2021ལོའི་གློག་བརྙན་འཁྲབ་གཞུང་བསྡུ་བའི་འབྲེལ་ཡོད་བླང་བྱ་ཡིན།

དང་པོ། རྩོམ་བསྡུའི་བླང་བྱ།

1.གློག་བརྙན་འཁྲབ་གཞུང་གི་འཁྲིད་སྟོན་ངེས་པར་དུ་ཡང་དག་ཡིན་ཞིང་། ནང་དོན་ཡ་རབས་ཚུལ་ལུགས་དང་མཐུན་དགོས། གཙོ་བོ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་དགའ་སྟོན་རྟེན་འབྲེལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱུང་བ། ཞིང་གྲོང་དར་སྤེལ་ལ་སོགས་བརྗོད་བྱར་བཟུང་སྟེ། མི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་འབད་འབུངས་བྱས་པའི་ཁྲོད་མཚོ་སྔོན་གྱི་ལེའུ་རྩོམ་པའི་གོ་རིམ་ནང་བྱུང་བའི་གསོན་ཉམས་དོད་པོའི་མཚོ་སྔོན་གྱི་གཏམ་རྒྱུད་བརྗོད་དགོས།

2.གློག་བརྙན་འཁྲབ་གཞུང་གི་རྩོམ་སྟངས་ལ་ཚད་བཀག་ཅི་ཡང་མེད་ནའང་མགོ་ནས་མཇུག་བར་ཆ་ཚང་བ་ཞིག་ཡིན་དགོས། ཡི་གེ་སྟོང་ཡས་མས་ཀྱི་འགོ་བརྗོད་དམ་ངོ་སྤྲོད་བསྡུས་པ་ཞིག་དགོས།

3.བསྡུ་ཡུན། 2021ལོའི་ཟླ3ཚེས15ཉིན་ནས་ཟླ10ཚེས31ཉིན་བར།

གཉིས་པ། འཁྲབ་གཞུང་གི་བླང་བྱ།

1. འཁྲབ་གཞུང་སྙན་ཞུ་བ་གློག་བརྙན་འཁྲབ་གཞུང་གི་རྩོམ་པ་པོ་རང་ཉིད་ཡིན་དགོས། དེ་ལ་ས་གནས་ཀྱི་ཚད་བཀག་མེད། ངེས་པར་རང་རྩོམ་ཡིན་དགོས།

2. སྙན་ཞུ་བ་སྟེ་འཁྲབ་གཞུང་རྩོམ་པ་པོར་རྩོད་གཞི་ཐེབས་མི་རུང་བའི་བརྩམས་ཆོས་ཀྱི་བདག་དབང་དང་བདག་དབང་གཞན་སྤྲོད་ཀྱི་དབང་ཆ་ཡོད། གལ་སྲིད་འཁྲབ་གཞུང་དེ་གཞན་གྱི་བརྩམས་ཆོས་གཞིར་བཟུང་ནས་རྩོམ་སྒྲིག་བྱས་པ་ཡིན་ན། བརྩམས་ཆོས་དེའི་བདག་དབང་འཛིན་མཁན་རྩོམ་པ་པོས་རྩོམ་སྒྲིག་གི་དབང་འགན་ཁྱེད་ལ་སྤྲད་པའི་དཔང་ལྡན་གྱི་ཡིག་ཐོག་རྒྱུ་ཆ་མཁོ་འདོན་བྱ་དགོས། གལ་སྲིད་དངོས་བྱུང་གི་མི་དང་དོན་བྱ་གཞིར་བཟུང་ནས་བརྩམས་པ་ཡིན་ན་ངེས་པར་དུ་དངོས་ཡོད་ཀྱི་མི་སྣ་དེ་དང་ཡང་ན་འབྲེལ་ཡོད་དོན་དག་ཕྱོགས་ནས་མོས་འཐད་ཡོད་པའི་ཡིག་ཐོག་གི་དབང་སྤྲད་རྒྱུ་ཆ་དགོས། དེ་ལས་ལྡོག་ཏེ་རྩོམ་བསྡུའི་ཁྲོད་ཀྱི་འཁྲབ་གཞུང་བརྩམས་ཆོས་ནང་བརྐུ་འབྲི་དང་། བརྐུ་བཤུས། ཡང་ན་བདག་དབང་གཞན་སྤྲོད་ཀྱི་དབང་གནོད་གནས་ཚུལ་ཅན་ཡོད་པ་རྣམས་རོགས་དངུལ་ཐོབ་ཐང་ལས་ཕྱིར་འབུད་རྒྱུ་དང་། དེ་བཞིན་དུ་འདེམས་ཟིན་པའི་བརྩམས་ཆོས་ཡིན་ན་རོགས་དངུལ་ཐོབ་ཐང་མེད་པར་བཟོས་ནས་རོགས་དངུལ་འགྲོ་གྲོན་ཚང་མ་ཕྱིར་ལེན་རྒྱུ།

3. འཁྲབ་གཞུང་བརྩམས་ཆོས་སྙན་ཞུ་བྱེད་དུས་ངེས་པར་དུ་གློག་བརྙན་འཁྲབ་གཞུང་གི་གཞི་རྩའི་རྣམ་གཞག་དང་སྒྲིག་གཞི་ཆ་ཚང་དགོས་པ་མ་ཟད། འཁྲབ་གཞུང་གི་རིང་ཐུང་ཚད་ཐིག་དང་མཐུན་དགོས།

གསུམ་པ། འཁྲབ་གཞུང་ལེགས་ཤོས་འོས་འདེམ།

1. ཆེད་མཁས་ཚོགས་པས་རྩོམ་གྱི་ཁ་གྲངས་གཞིར་བཟུང་ནས་བསམ་བློའི་གཏིང་ཚད་དང་། སྒྱུ་རྩལ་མཚོན་སྟངས། ལྟ་རིན་ཡོད་པ། ཁྲོམ་རའི་མི་མངོན་ནུས་ཤུགས་ཆེ་བའི་འཁྲབ་གཞུང་ཕུལ་བྱུང་འོས་འདེམ་བྱས་ཏེ། སྲིད་གཞུང་གི་ཉོ་སྒྲུབ་ཐོག་ནས་གན་རྒྱ་འཇོག་རྒྱུ་ཡིན་ལ། ལོ་གཉིས་ནང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་དབང་ཚབ་འཛིན་རྒྱུ། ལེགས་འདེམས་མཇུག་འབྲས་མཚོ་སྔོན་གསར་འགྱུར་དྲ་བ་སོགས་སྨྱན་བྱེད་འཕྲིན་སྟེགས་སུ་ཡོངས་བསྒྲག་བྱ་རྒྱུ།

2.“གློག་བརྙན་འཁྲབ་གཞུང་རྩོམ་བསྡུ་དང་སྐྱེད་སྲིང་རོགས་དངུལ་ལས་གཞིའི་མཛོད”ནང་བདམས་པའི་བརྩམས་ཆོས་རྣམས་བརྙན་ཕབ་བྱེད་དུས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རིག་རྩལ(གློག་བརྙན་དོ་དམ)ཁྲུའུ་ལ་སྙན་ཞུ་ཐོག་གྲ་སྒྲིག་བྱ་དགོས། གློག་བརྙན་ཕབ་སྐྲུན་ཚར་རྗེས་བརྙན་ངོས་གསལ་ས་ཞིག་ཏུ“ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་གློག་བརྙན་འཁྲབ་གཞུང་རྩོམ་བསྡུ་དང་སྐྱེད་སྲིང་རོགས་དངུལ་ལས་གཞི”ཞེས་པའི་ཡིག་འབྲུ་གསལ་པོར་འགོད་དགོས།

བཞི་པ། འཁྲབ་གཞུང་བསྐུར་སྟངས།

1. འཁྲབ་གཞུང་བསྐུར་མཁན་གྱིས《འཁྲབ་གཞུང་རྩོམ་པ་པོའི་ཐོ་འགོད་རེའུ་མིག》ནན་ཏན་གྱིས་བསྐང་དགོས། (见附件)

2.《འཁྲབ་གཞུང་རྩོམ་པ་པོའི་ཐོ་འགོད་རེའུ་མིག》དང་འཁྲབ་གཞུང་ཆ་ཚང་། གཏམ་རྒྱུད་སྤྱི་བཤད་ཀྱི་གློག་རྡུལ་པར་མ་ཡིག་ཟམ་དུ་བསྐུར་དགོས། (གློག་རྡུལ་ཡིག་ཟམ་གྱི་ཁ་བྱང་འབྲི་སར་ངེས་པར་དུ་རྩོམ་པ་པོའི་མིང་གསལ་བོར་འགོད་རོགས། )

3.《རྩོམ་པ་པོའི་ཐོ་འགོད་རེའུ་མིག》ཤོག་དྲིལ་རྒྱུ་ཆ་དག་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་བདུན་གཅིག་ལམ་ཨང་རྟགས346བ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རིག་རྩལ(གློག་བརྙན་དོ་དམ)ཁྲུའུ་ལ་བསྐུར་རོགས་དང་། ཁ་པར་ཨང་གྲངས0971-8458091ཡིན།

4. འཁྲབ་གཞུང་བསྐུར་དུས་རྩོམ་པ་པོའི་འབྲེལ་གཏུག་ཁ་པར་ཨང་གྲངས་ལ་འགྱུར་བ་བྱུང་ཚེ། ལམ་སང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་་རིག་རྩལ(གློག་བརྙན་དོ་དམ)ཁྲུའུ་ལ་གསལ་བཤད་བྱ་རོགས།

 བསྐུར་ཡུལ་ཡིག་ཟམ། qhxcwy@163.comཡིན།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ།

2021ལོའི་ཟླ3ཚེས10ཉིན།
ཁོན་ཐར་འཚོས་བསྒྱུར།