ལས་གླར་རྒྱུག་མཁན་ཞིང་བ5743གྱི་གླ་ཆ་ལག་སོན་བྱུང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། 2020ལོའི་ཟླ11པར། རང་ཞིང་གིས་དགུན་ཚིགས་སུ་ཞིང་བ་ལས་བཟོ་པའི་གླ་ཕོགས་ཆད་འགྱངས་བཅོས་སྐྱོང་བྱེད་པའི་ཆེད་དོན་ལས་འགུལ་སྤེལ་བ་བརྒྱུད། རིམ་པ་སོ་སོའི་ངལ་རྩོལ་ལྟ་སྐུལ་སྡེ་ཁག་གིས་མཉམ་འབྲེལ་ཞིབ་བཤེར་དང་མཉམ་འབྲེལ་དཔེ་གཞི་འགན་སྒྲུབ་སོགས་ཀྱི་བྱེད་ཐབས་ལག་བསྟར་སྒོས། ཞིང་བ་ལས་བཟོ་པ5743གི་ཆད་འགྱངས་ལས་ཕོགས་སྒོར་ཁྲི7376.9ཕྱིར་ལེན་ཐུབ་པ་བྱུང་།

ཆེད་དོན་ལས་འགུལ་སྐབས་ཁྱོན་བསྡོམས་མི་བཀོལ་ལས་ཁུངས་མི་འདྲ་བ1696ལ་ཞིབ་བཤེར་བྱས་ཤིང་། རྣམ་གྲངས391གིས་ལས་ཕོགས་ཆད་འགྱངས་བྱས་པའི་དོན་དངོས་རྩད་ཆོད་པར་གྱུར་ལ། ཞིང་བ་ལས་བཟོ་པ5743གྱི་ཆད་འགྱངས་གླ་ཕོགས་སྒོར་ཁྲི7376.9ལག་སོན་བྱུང་། ད་ལྟའི་བར་ཆད་འགྱངས་བྱས་པའི་གླ་ཕོགས་ཡོད་ཚད་གཙང་སེལ་བྱས་ཤིང་། དུས་རིམ་རང་བཞིན་གྱི་གཙང་སེལ་གཉིས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱུང་ཡོད།

རྒྱལ་ཡོངས་ཀྱི་གླ་ཕོགས་ཆད་འགྱངས་ཁུངས་སྣེ་ཡི་གནས་ཚུལ་ཡར་ཞུ་དང་རྩ་བའི་ཆ་ནས་ཐག་གཅོད་བྱེད་སའི་སྟེགས་བུ་ཤར་གཏོང་བྱས་པ་ནས་བཟུང་། ཞིང་ཆེན་རིམ་པའི་མི་དོན་སྡེ་ཁག་གིས་ཆེད་དུ་འགན་ཁུར་མི་སྣ་རྩ་འཛུགས་བྱས་ཏེ་རྩད་གཅོད་བྱེད་དུ་བཅུག་ཅིང་། ས་ཁུལ་སོ་སོའི་ཁུངས་སྣེ་དེ་དག་རེ་རེ་བཞིན་ཟིན་ཐོར་བཀོད་ནས། དོན་དངོས་ལ་ཞིབ་བཤེར་བྱས་པར་མ་ཟད་མང་ཚོགས་ཀྱི་ཞུ་གཏུག་མཐའ་དག་དུས་ལྟར་ཐག་གཅོད་བྱ་རྒྱུར་འགན་སྲུང་བྱས། ཆེད་དོན་ལས་འགུལ་སྐབས་ཁྱོན་བསྡོམས་གནས་ཚུལ་ཡར་ཞུ་བྱས་པའི་ཁུངས་སྣེ2834རྩད་ཆོད་པ་དང་དོན་དག1557ཡོངས་སྒྲུབ་སྒོས་ཞིང་བ་ལས་བཟོ་པ3823གྱི་ལས་ཕོགས་སྒོར་ཁྲི4260.66ལག་སོན་བྱུང་བ་རེད།

ཆེད་དོན་ལས་འགུལ་སྤེལ་བའི་སྐབས། མི་དོན་སྡེ་ཁག་གིས་སྣེ་ཁྲིད་ཅིང་ལས་རིགས་བདག་དོམ་སྡེ་ཁག་གིས་རམ་འདེགས་སྤྲད་དེ་གྲོང་ཁྱེར་དང་ཁུལ8ནས་རྐང་འཛིན་སྟོབས་ཤུགས་ཆེད་དུ་སྐོང་འཐེན་བྱས་པ་བརྒྱུད། གཅིག་བསྡུས་འགན་ཁུར་འོག་བཅར་འདྲི་དང་ལེན་དང་གླ་ཕོགས་ཆད་དངུལ་ལ་འབྲེལ་བ་ཡོད་པའི་གྱོད་དོན་ཐག་གཅོད་བྱས། ད་ལྟ་སྔ་གཞུག་ཏུ་ཞིང་བ་ལས་བཟོ་པའི་ཟླ་ཕོགས་ཆད་འགྱངས་སྐོར་གྱི་གྱོད་དོན71རྩད་ཆོད་བྱུང་ཞིང་། ཞིང་བ་ལས་བཟོ་པ1586གི་ཆད་འགྱངས་གླ་ཕོགས་སྒོར་ཁྲི2699ཕྱིར་བླངས་ནས་ཐག་གཅོད་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།