འཆར་གཞི་ལྟར་ན་ད་ལོར་གཞུང་ལམ་གྱི་ལས་གཞི7ལག་བསྟར་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། ད་ལོ་རང་ཞིང་ལ་གཞུང་ལམ་གྱི་རྣམ་གྲངས7གསར་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ལ། རང་ཞིང་གི་གཞུང་ལམ་འགྲིམ་འགྲུལ་དྲ་བ་སྔར་ལས་འཐུས་ཚང་ཅན་ཏུ་གཏང་རྒྱུར་རོགས་འདེགས་བྱས་ཡོད།

ད་ལོ་རང་ཞིང་གིས་འཆར་གཞི་ལྟར་གཞུང་ལམ7གསར་སྐྲུན་བྱ་རྒྱུ་ཡིན་པ་དེ་དག་སོ་སོར། ཀན་སུའུ་ནས་མཚོ་སྔོན་ཏ་ཧི་ཅ་ནས་ཆིང་ཧྲེ་གཞུང་ལམ། མཚོ་སྔོན་ནས་ཞིན་ཅང་བར་གྱི་གཞུང་ལམ་སྟེ་ཟི་ལིང་ནས་ཧི་ཐེན་མྱུར་བགྲོད་གཞུང་ལམ་མང་ཨེ་བརྒྱུད་མང་ཨེ་བྲག་རི་གཏེར་ཁའི་ལམ་གྱི་གཞུང་ལམ། དབུས་ཚྭ་ཁ་ནས་ཚྭའར་ཧན་གྱི་གཞུང་ལམ། མཚོ་སྔོན་པོ་བསྐོར་བའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ། ཁྲི་ཀ་ནས་རྟ་བོའི་བར་གྱི་གཞུང་ལམ། དཔའ་ལུང་ཡར་སྐ་ནས་ཁྲི་ཀའི་བར་གྱི་གཞུང་ལམ། ཤར་རྒྱུད་ས་ཁུལ་ཕན་ཚུན་ཤར་གཏོང་མཐུད་སྦྲེལ་བྱེད་པའི་བཟོ་སྐྲུན་བཅས་སོ། །དེའི་ཁྲོད་མཚོ་སྔོན་པོ་བསྐོར་པའི་ཡུལ་སྐོར་ཆེད་སྤྱོད་གཞུང་ལམ་སོགས་རྣམ་གྲངས4ལོ་སྟོད་ལ་ལས་འགོ་རྩོམ་པ་བརྩོན་ལེན་བྱེད་རྒྱུ་ཡིན་ལ། ཤར་རྒྱུད་ས་ཁུལ་གྱི་ཕན་ཚུན་མཐུད་སྦྲེལ་ཤར་གཏོང་བཟོ་སྐྲུན་སོགས་རྣམ་གྲངས3ལོ་སྨད་ལ་འཛུགས་སྐྲུན་བྱེད་འགོ་རྩོམ་པར་བརྩོན་ལེན་བྱེད་རྒྱུ་རེད།

ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་འགོ་ཚུགས་པའི་ལོ་ཐོག་མ་ཡིན་ལ། འགྲིམ་འགྲུལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་རྒྱུ་འཛུགས་སྐྲུན་བྱེད་པའི་ཆེས་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། ཞིང་ཆེན་ཡོངས་སུ་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་གཏོང་བའི་རྣམ་གྲངས་གཙོ་བོ30ཡོད་ལ། དེའི་ཁྲོད་རྣམ་གྲངས23མུ་མཐུད་དུ་འཛུགས་སྐྲུན་རྒྱ་སྐྱེད་པ་དང་རྣམ་གྲངས7གསར་སྐྲུན་བྱེད་པའི་འཆར་གཞི་ཡོད། མུ་མཐུད་དུ་འཛུགས་སྐྲུན་རྒྱ་སྐྱེད་པའི་རྣམ་གྲངས23གྱི་ཁྲོད་ཟི་ལིང་ནས་ཧོར་གྲོང་དང་ཟི་ལིང་ནས་རྟ་ཐང་བར་གྱི་གཞུང་ལམ་སོགས་རྣམ་གྲངས13ཀྱི་མུ་མཐུད་རྒྱ་སྐྱེད་རྣམ་གྲངས་དེ་ཟླ2པའི་ཟླ་མཇུག་གི་ཡར་སྔོན་དུ་ཁྱོན་ཡོངས་ནས་ལས་ཀ་བསྐྱར་དུ་ཚུགས་ཤིང་། རྣམ་གྲངས་ལྷག་མ་དེ་དག་གི་མུར་བསྟུན་འཛུགས་སྐྲུན་དང་དབུས་རྒྱུད་ཞིང་ལས་ས་ཁུལ། ཚ་འདམ་ས་ཁུལ་གྱི་ཞིང་སྡེའི་གཞུང་ལམ་རྣམ་གྲངས་དག་འཆར་གཞི་ལྟར་ན་ཟླ3པའི་ཟླ་མཇུག་གི་ཡར་སྔོན་དུ་ཁྱོན་ཡོངས་ནས་ལས་འགོ་བསྐྱར་དུ་གཟུག་རྒྱུ་རེད་ལ། མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་སོགས་ཀྱི་ཞིང་སྡེའི་གཞུང་ལམ་རྣམ་གྲངས་སོ་སོ་ཟླ4པའི་ཟླ་མཇུག་ལ་ཁྱོན་ཡོངས་ནས་ལས་འགོ་རྩོམ་རྒྱུ་རེད། དེ་དང་ཆབས་ཅིག རང་ཞིང་གིས་ད་རུང་འཆར་གཞིའི་ཁྲོད་ཀྱི་གསར་སྐྲུན་རྣམ་གྲངས7གྱི་བྱ་བར་སྐུལ་འདེད་བཏང་ནས། རྣམ་གྲངས་གསར་སྐྲུན་ལ་སྐུལ་འདེད་དང་སྔ་མོ་ནས་ལས་འགོ་ཚུགས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་བདེ་ཐང་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་རྒྱུ་སྤུས་མཐོན་པོ་མཁོ་འདོན་ངང་འགྲིམ་འགྲུལ་གྱི་རྨང་གཞིའི་རྒྱབ་རྟེན་བཅོལ་རྒྱུར་འགན་སྲུང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།