སྒོར་དུང་ཕྱུར91གིས་གཞུང་ལམ་གཙོ་གྲས་འཛུགས་སྐྲུན་གྱི་ལས་སྒོ་སླར་རྩོམ་པར་རྒྱབ་སྐྱོར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཉེ་ལམ། ཞིང་ཆེན་ནོར་སྲིད་ཐིན་གྱིས་འགྲིམ་འགྲུལ་འཛུགས་སྐྲུན་གཙོ་གྲས་ཀྱི་རྣམ་གྲངས་ཐད་མ་དངུལ་སྒོར་དུང་ཕྱུར91བཏང་སྟེ། ནུས་ཤུགས་གང་ཡོད་སྒོས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གཙོ་གྲས་དག་གི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་སྒོ་སླར་ཕྱེ་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད།

ཞིང་ཆེན་སྲིད་གཞུང་གི“ཉིན་བརྒྱའི་མཁྲེགས་གཏོར”ཆེད་དོན་ལས་འགུལ་གྱི་རེ་འདུན་བླང་བྱ་ལག་ལེན་མཐར་ཕྱིན་སྒོས། འགྲིམ་འགྲུལ་གཙོ་བོའི་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་སོ་སོའི་ལས་འགོ་བསྐྱར་ཚུགས་ཇེ་མགྱོགས་སུ་བཏང་ནས་དཔྱིད་ཐོག་མའི“རྟེན་འབྲེལ་གྱི་སྒོ་འཕར”ཕྱེས་པ་མངོན་འགྱུར་བྱུང་། ཞིང་ཆེན་ནོར་སྲིད་ཐིན་གྱིས་རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གཙོ་བོའི་འཛུགས་སྐྲུན་ལ་མ་དངུལ་གཏོང་ཆེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲིན་ཐིན་དང་ཕྱོགས་ཡོངས་ནས་བསམ་བློ་བརྗེ་རེས་བྱེད་པའི་རྨང་གཞིའི་སྟེང་། འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྣམ་གྲངས་མ་དངུལ་སྒོར་དུང་ཕྱུར91མར་གནང་། དེ་མིན་ནུས་ཤུགས་གང་ཡོད་སྒོས་པེན་ཏུའུ་འགག་ནས་རྒྱ་མདོ། མང་ཨེ་བྲག་འགག་གཏེར་ཁུལ་ནས་མང་ཨེ་རྙིང་བའི་བར་གྱི་མཚོ་སྔོན་ནས་ཞིན་ཅང་བར་གྱི་མཚོ་སྔོན་ལམ་རྒྱུད། གཅན་ཚ་ནས་གསེར་ཆེན་སོགས་བར་གྱི་གཞུང་ལམ་གཙོ་བོ་དག་གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འགོ་ལེགས་པོར་བརྩམས་ནས་འགྲིམ་འགྲུལ་འཛུགས་སྐྲུན་མུ་མཐུད་དུ་རྒྱ་སྐྱེད་ཐད་མ་དངུལ་གྱི་དགོས་མཁོ་སྐོང་བའི་ཐད་ལ་འགན་སྲུང་བྱས་ཤིང་། དུས་རིམ་དང་པོའི་འགྲིམ་འགྲུལ་གཞུང་ལམ་ཡོངས་འགྲུབ་འགན་སྲུང་ཐད་ལ་གཏན་འཇགས་མ་དངུལ་གཏོང་བའི་དམིགས་འབེན་ལས་འགན་ཡོངས་འགྲུབ་ཐད་ནུས་ཤུགས་གང་ཡོད་བཏོན་ཏེ་འགན་སྲུང་བྱས་པ་རེད།

དེ་མིན། ཟླ3པའི་ཚེས5ཉིན། 2021ལོའི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་གཙོ་བོའི་རྣམ་གྲངས་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་དེ་ཟི་ལིང་ནས་ཧོར་གྲོང་གི་རིམ་པ་དང་པོའི་གཞུང་ལམ་རྒྱ་སྐྱེད་ལེགས་བཅོས་བཟོ་སྐྲུན་ཡོན་ཅ་ཁུའུ་ནས་སྤེལ་བ་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་འཛུགས་སྐྲུན་ལ་ཟབ་ཞུགས་བྱེད་མཁན་ལས་ཁུངས་དག་གིས་རྒྱུ་སྤུས་མཐོར་འདེགས་དང་ཕན་འབྲས་མཐོར་འདེགས། ཆུ་ཚད་མཐོན་པོ་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་གལ་ཆེན་གྱི་བཟོ་སྐྲུན་རྣམ་གྲངས་འཛུགས་སྐྲུན་གཙོར་བཟུང་ནས། རྣམ་གྲངས་གལ་ཆེན་སྔ་མོ་ནས་ལས་འགོ་བརྩམས་ཏེ་སྔ་མོ་ནས་འཛུགས་སྐྲུན་བྱ་རྒྱུ། སྔ་མོ་ནས་ཁེ་ཕན་བསྐྲུན་རྒྱུ་བཅས་ལ་སྐུལ་འདེད་བཏང་ཞིང་། འགྲིམ་འགྲུལ་ཐད་ཀྱི་རྣམ་གྲངས་གལ་ཆེན་དག་གི་ལས་ཀ་བསྐྱར་ཚུགས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་དཔྱིད་ཐོག་མའི“རྟེན་འབྲེལ་གྱི་སྒོ་འཕར”ཕྱེས་པ་མངོན་འགྱུར་བྱུང་དུ་བཅུག་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།