ཞིང་ཆེན་ཡོངས་ཀྱིས་སྤྱི་ཚོགས་ཚན་རྩལ་མཉམ་འབྲེལ་བྱ་བའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རྩལ་མཉམ་འབྲེལ་བྱ་བའི་གྲོས་ཚོགས་ཟི་ལིང་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་བྱ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དུ་སྤེལ་ནས། 2020ལོའི་བྱ་བར་ཕྱོགས་སྡོམ་དང2021ལོའི་བྱ་བར་བཀོད་སྒྲིག་མཛད།

གྲོས་ཚོགས་སྟེང་བསྟན་དོན། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རྩལ་ལས་རིགས་ཀྱིས་མི་དམངས་ཀྱི་ཆེད་དུ་རིག་གཞུང་འདུ་ཤེས་སྲ་བརྟན་ཅན་དང་སྲོག་ཤིང་དུ་འཛིན་པ། ཞབས་ཞུའི་གནས་བབ་བཅས་གཞིར་བཟུང་ནས། གཞུང་ལུགས་དྲིལ་སྒྲོག་གི་གཡུལ་ས་གཙོ་བོ་མུ་མཐུད་དུ་བརྟན་སྲུང་བྱས་ཤིང་། རིག་གཞུང་ཞིབ་འཇུག་བྱ་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སྒོས་ཐག་གཅོད་འདྲི་རྟོག་ཞབས་ཞུ་ཡང་མུ་མཐུད་དུ་གཅིག་བསྡུས་བྱས། སྤྱི་ཚོགས་ཚན་རྩལ་ཡོངས་ཁྱབ་བྱ་བའི་ཁྱབ་ཁོངས་ཡང་མུ་མཐུད་དུ་རྒྱ་བསྐྱེད་ནས། རིག་གཞུང་སྤྱི་ཚོགས་ཀྱི་དོ་དམ་མུ་མཐུད་དུ་སྒྲིག་སྲོལ་ཅན་ཏུ་བཏང་། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རྩལ་བཟོ་སྐྲུན་ལས་བདེ་ཐང་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་དེ་མུ་མཐུད་དུ་མངོན་པར་བཅུག་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འགོ་ཚུགས་པའི་ལོ་ཐོག་མ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡང་ཡིན་པས། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རྩལ་བྱ་བའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ལ་ལས་འགན་ཡང་ཧ་ཅང་ལྕི། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རྩལ་བྱ་བ་སྒྲུབ་མཁན་དག་གིས་འཕེལ་རྒྱས་གསར་པའི་དུས་རིམ་དམ་འཛིན་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན། འཕེལ་རྒྱས་གསར་པའི་སྒྲིག་གཞི་གསར་སྐྲུན་བཅས་ཀྱི་སྒོ་ནས། རྒྱལ་ཁབ་ཀྱི་ཆེད་དུ་ནུས་པ་འདོན་སྤེལ་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ནས་མི་རིགས་ཀྱི་བླ་སྲོག་བཙོ་སྦྱངས་བྱེད་ལ་དུས་རབས་ཀྱི་ཀུན་སྤྱོད་ལེགས་པོའི་འགན་འཁྲི་བརྟན་པོ་དམ་འཛིན་སྒོས་ཕྱོགས་མི་འདྲ་བ་ལྔ་ཡི་ཐད་ནས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རྩལ་བྱ་བ་ལེགས་པོར་བསྒྲུབ་དགོས་ལ། དེ་ལས་གཅིག་ནི་ཁ་ཕྱོགས་བརྟན་པོའི་དར་ཆ་མཐོན་པོར་བསྒྲེང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་ཅན་ཏུ་གཏོང་རྒྱུར་ནུས་ཤུགས་གང་ཡོད་འདོན་དགོས། གཉིས་ནི་ཚན་རིག་གི་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་བྱེད་སྒོའི་ཁྲོད་རང་འགན་ཕྲག་ཏུ་ལེན་དགོས། གསུམ་ནི་ཞབས་ཞུའི་གནས་བབ་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ་ཧུར་བརྩོན་ཆེན་པོའི་ངང་གཞུང་ལུགས་གལ་ཆེན་དང་དོན་དངོས་གནས་ཚུལ་ལ་ཞིབ་འཇུག་བྱ་དགོས། བཞི་ནི་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་ཚན་རྩལ་ཡོངས་ཁྱབ་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། ལྔ་ནི་ཐོན་ཁུངས་དང་པོ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འཇོན་མི་བདེ་ཐང་ངང་འཚར་ལོངས་བྱུང་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།

གྲོས་ཚོགས་སྟེང་ད་དུང་སྤྱི་ཚོགས་ཚན་རྩལ་ཞིབ་འཇུག་ཡོངས་ཁྱབ་བྱ་བའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་ཡང་གཟེངས་བསྟོད་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།