ན་ནིང་རང་ཞིང་གི་ལོ་ཧྲིལ་པོའི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར3000ལས་བརྒལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་སྡོམ་རྩིས་ཅུའུ་དང་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གིས2020ལོའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་ལོ་ཧྲིལ་བོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་འཇགས་ཡིན་པས། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་གཅིག་གྱུར་ཞིབ་རྩིས་མཇུག་འབྲས་ལྟར་ན། ལོ་ཧྲིལ་བོའི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར3005.92ལ་བུད་ཡོད་པ་དང་རིན་གོང་གི་སྡུར་ཚད་ལྟར་ན། དེ་ནི་ལོ་སྔོན་མ་ལས1.5%འཕར་སྣོན་བྱུང་ཡོད། ཐོན་ལས་ཀྱི་རིགས་དབྱེ་ལ་བལྟས་ན། ཐོན་ལས་དང་པོའི་རིན་ཐང་གི་འཕར་ཚད་ནི་སྒོར་དུང་ཕྱུར334.30དང4.5%འཕར་ཡོད། ཐོན་ལས་གཉིས་པའི་རིན་ཐང་གི་འཕར་ཚད་ནི་སྒོར་དུང་ཕྱུར1143.55དང2.7%འཕར་ཡོད། ཐོན་ལས་གསུམ་པའི་རིན་ཐང་གི་འཕར་ཚད་ནི་སྒོར་དུང་ཕྱུར1528.07ཡིན་ལ0.1%འཕར་ཡོད།

2020ལོར་གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་ཀྱི་གནས་ཚུལ་འོག་ཞིང་ཆེན་ཡོངས་ཀྱིས་དཀའ་ཁག་དང་འགྲན་རྩོད་ཁྲོད་གོ་སྐབས་གསར་པ་དང་འགོ་ཚུགས་ས་གསར་པ་དམ་འཛིན་སྒོས་དཔལ་འབྱོར་བརྟན་འཇགས་བདེ་ཐང་ངང་འཕེལ་རྒྱས་སུ་སོང་ཡོད་པས། ལོ་ཧྲིལ་བོའི་ལོ་ཏོག་འདེབས་འཛུགས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས་སྟོང571.42ལ་བུད་པ་དང་དེ་ནི་ལོ་སྔོན་མ་ལས་སྤྱི་ཆིངས་སྟོང17.88འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཁྲོད། རྒྱལ་གཉེར་ཚོད་འཛིན་མ་རྐང་ཁེ་ལས་ཀྱི་རིན་ཐང་འཕར་ཚད་དེ1.9%དང་རྒྱལ་གཉེར་ཁེ་ལས་ཀྱི་རིན་ཐང་དེ26.8%ལ་འཕར་ཡོད། ལོ་ཧྲིལ་བོའི་སྡེབ་འཚོང་དང་སིལ་འཚོང་ལས་རིགས་ཀྱི་རིན་ཐང་འཕར་ཚད་དེ་སྒོར་དུང་ཕྱུར165.82ལ་བུད་པ་དང་ལོ་སྔོན་མ་ལས4.2%འཕར་ཡོད།

2020ལོར་དམངས་ཚིས་ཁྱབ་ཁོངས་སུ་མ་རྩ་གཏོང་ཚད་ཆེས་ཆེར་བཏང་ཡོད། ལོ་ཧྲིལ་བོའི་སྤྱིར་བཏང་གི་སྤྱི་གཞུང་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར462.13ལ་སླེབས་ཏེ་ལོ་སྔོན་མ་ལས1.1%འཕར། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་གཞུང་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར1933.28དང་ལོ་སྔོན་མ་ལས3.7%འཕར་ཡོད། དེའི་ཁྲོད་སྤྱི་ཚོགས་འགན་སྲུང་དང་ལས་་ཞུགས་འགྲོ་སོང་འཕར་ཚད19.1%ཡིན། འཕྲོད་བསྟེན་བདེ་ཐང་འགྲོ་སོང་གི་འཕར་ཚད16.1%ཡིན། རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་འགྲོ་སོང་གི་འཕར་ཚད་དེ8.4%ཡིན། སྤྱིར་བཏང་གི་སྤྱི་གཞུང་ཞབས་ཞུའི་འགྲོ་སོང་གི་འཕར་ཚད7.5%ཡིན། 2020ལོར་ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་ནི་སྒོར24037ཡིན་ལ། ལོ་སྔོན་མ་ལས6.3%ལ་འཕར་ཡོད། ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་འཚོ་བའི་འགྲོ་སོང་སྒོར18284ཡིན་ལ། ལོ་སྔོན་ལས4.2%ལ་འཕར་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།