མ་མཐའི་འཚོ་བའི་འགན་དངུལ་རེ་ཞུ་ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་ཐོབ་པའི་བར་ཉིན25དགོས་པ་རེད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་སྐུ་ཞབས་ཝང་གིས་དགོང་དྲོའི་ཚགས་པར་གྱི་སྐུད་ལམ་ལ་ཁ་པར་བཏང་འོངས་ནས་འདྲི་རྒྱུར། ཁོའི་འཚོ་བར་ཅུང་དཀའ་ཁག་ཆེ་བས་འགན་སྲུང་དམའ་བ་ལ་རེ་འདུན་སྙན་ཞུ་བྱེད་འདོད་ལ། རེ་འདུན་སྙན་ཞུ་ཇི་ལྟར་ཞུ་དགོས་པ་མི་ཤེས་ཟེར། དེའི་རྐྱེན་གྱིས་གསར་འགོད་པས་ཟི་ལིང་གྲོང་ཁྱེར་དམངས་སྲིད་ཅུའུ་ལས་དེའི་སྐོར་ལ་རྒྱུས་ལོན་གསལ་བོ་བྱས་ཡོད་པས་དྲིས་ལན་ལ་འགྲེལ་བརྗོད་བྱས་པ་གཤམ་གསལ་ལྟར།

སྲིད་ཇུས་དེ་ལོངས་སྤྱོད་བྱེད་པའི་ཆ་རྐྱེན།

ཁྱིམ་ཐོའི་གནས་ཚུལ་དང་ཁྱིམ་ཚང་གི་ཡོང་སྒོ། ཁྱིམ་ཚང་གི་ནོར་སྲིད་དང་ཁྱིམ་ཚང་གི་འགྲོ་སོང་དེ་འགན་སྲུང་དམའ་བའི་ཁ་གཏད་རང་བཞིན་གྱི་གཞི་རྩའི་བླང་བྱ་དང་མཐུན་དགོས། རང་རེའི་ཞིང་ཆེན་གྱི་རྒྱུན་སྡོད་ཁྱིམ་མིའི་སྡོད་དམངས་ཡིན་ལ། མཉམ་དུ་འཚོ་བ་རོལ་བཞིན་པའི་ཁྱིམ་ཚང་གི་ཁོངས་མིའི་མི་རེའི་ཆ་སྙོམས་ཡོང་སྒོ་དེ་ས་གནས་ཀྱི་ཆེས་དམའ་བའི་འགན་སྲུང་ཚད་གཞི་དང་ཡང་ན་དུས་ཡུན་རིང་བོར་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་འགྲོ་སོང་། དེ་མིན་ཁྱིམ་ཚང་གི་ནོར་སྲིད་གནས་ཚུལ་སོགས་ས་གནས་མི་དམངས་སྲིད་གཞུང་གི་གཏན་འབེབས་ཆ་རྐྱེན་དང་མཐུན་ན་འགན་སྲུང་དམའ་བའི་ཁྱབ་ཁོངས་ལ་རེ་འདུན་སྙན་ཞུ་ཕུལ་ཆོག

འགན་སྲུང་དམའ་བའི་རེ་འདུན་སྙན་ཞུའི་ཆ་རྐྱེན།

ཁྱིམ་ཚང་གཉོར་སྐྱོང་བྱེད་མཁན་ན་གཞོན་མེད་པ་དང་ཁྱིམ་ཚང་སྐྱོང་བའི་ནུས་པ་མེད་པ། མཁར་གྲོང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དབང་སྐྱོན་ཚད་ལྕི་མོ་དང་རིམ་གསུམ་ཅན་གྱི་བསམ་བློའི་ནུས་པ་ཞན་པའི་དབང་པོ་སྐྱོན་ཅན། དབུལ་ཐར་མཁྲེགས་གཏོར་སྐབས་སུ་དབུལ་ཐར་མ་བྱུང་བའི་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ཁྱིམ་ཚང་གི་ནད་ཚབས་ཆེན་ཕོགས་པ་སོགས་ངལ་རྩོལ་གྱི་ནུས་པ་ཁྱོན་ཡོངས་ནས་ཤོར་བ་དང་ངལ་རྩོལ་ནུས་པ་ཉམས་པའི་དབུལ་ཕོངས་མི་གྲངས།རབ་ཏུ་བྱུང་བ་སོགས་ཆོས་ལུགས་བྱེད་སྒོའི་ཁྲོད་བསྡད་དེ་ལོ་གསུམ་གྱི་ཡན་འགོར་བའི་འཚོ་བར་དཀའ་ཁག་ཆེ་བའི་ཆོས་ལུགས་མི་སྣས་ཀྱང་རེ་འདུན་སྙན་ཞུ་ཞུ་འབུལ་བྱས་ཆོག

ཁྱིམ་ཚང་གི་རེ་འདུན་སྙན་ཞུའི་ཆ་རྐྱེན།

1.རང་རེའི་ཞིང་ཆེན་གྱི་རྒྱུན་སྡོད་ཁྱིམ་ཐོ་ཅན་གྱི་སྡོད་དམངས། མཉམ་དུ་འཚོ་བ་རོལ་བའི་ཁྱིམ་ཚང་གི་ཁོངས་མིའི་མི་རེའི་ཡོང་སྒོ་དེ་ས་གནས་འགན་སྲུང་དམའ་བའི་ཚད་གཞི་དང་ཡང་ན་དུས་ཡུན་རིང་བོའི་འགྲོ་སོང་དེ་དཀའ་ཁག་ཆེ་བའི་ཁྱིམ་ཚང་ཡིན་པ། དེའི་མི་ཚད་ནོར་སྲིད་གནས་ཚུལ་སོགས་ས་གནས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ན་འགན་སྲུང་དམའ་བ་དེར་རེ་འདུན་སྙན་ཞུ་ཕུལ་ཆོག འགན་སྲུང་དམའ་བའི་རེ་འདུན་སྙན་ཞུ་དེས་ཁྱིམ་ཚང་གཙོར་བཟུང་སྟེ། ཁྱིམ་བདག་དང་དེ་ལས་གཞན་པའི་མིའི་ཁྱིམ་བདག་གི་མིང་ཐོག་ནས་ཁྱིམ་ཐོ་ཡོད་སའི་ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་ལ་ཡིག་ཐོག་ནས་རེ་འདུན་སྙན་ཞུ་འབུལ་དགོས།

གྲ་སྒྲིག་བྱེད་རྒྱུའི་རྒྱུ་ཆ།

2.《ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་རེ་འདུན་སྙན་ཞུ་དང་འགན་དབང་ཡི་གེ》 《ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་བརྡ་འཕྲིན་རེའུ་མིག་གི་རེ་འདུན་ཞུ་ཡིག》 《སྤྱི་ཚོགས་མྱུར་སྐྱོབས་མི་སྒེར་ཡིད་རྟོན་བརྡ་སྦྱོར་ཡི་གེ》བཅས་ཁ་བསྐངས་ནས་ཡར་སྤྲོད་དགོས་པ་དང་། མི་སྒེར་གྱི་རེ་འདུན་ཞུ་ཡིག་དང་ཚུན་གཉིས་ཅན་གྱི་འདྲ་པར། དེ་མིན་རེ་འདུན་ཞུ་མཁན་དང་ཁོངས་མི་དག་གིས་མིང་རྟགས་བཀོད་དགོས། ཁྱིམ་ཚང་གི་ཁོངས་མི་དག་ལས་ལོ་ཆུང་བ་དང་ནད་ཚབས་ཆེན་སོགས་ཀྱི་དབང་གིས་མིང་རྟགས་དགོད་མི་ཐུབ་པ་ལ་དེ་འབྲེལ་གསལ་བཤད་བྱ་དགོས།

ཁྱིམ་ཚང་གི་ཁོངས་མིའི་ཁྱིམ་ཐོ་དང་ཐོབ་ཐང་ལག་འཁྱེར་གྱི་མ་ཡིག་དང་བསྐྱར་དཔར་གཉིས་ཀ་ཡར་སྤྲོད་དགོས། ཁྱིམ་ཐོའི་ངོས་ཀྱི་མི་དང་ཁྱིམ་ཚང་གི་དོན་དངོས་མི་གྲངས་གཉིས་ཀ་གཅིག་མཚུངས་མིན་ཚེ་རྒྱུ་རྐྱེན་གསལ་བཤད་བྱེད་དགོས། འགྲོ་སོང་ཆེ་བའི་ཁྱིམ་ཚང་དབུལ་བོའི་ཁོངས་སུ་གཏོགས་ན་འགྲོ་སོང་རང་བཞིན་གྱི་འབྲེལ་ཡོད་རྒྱུ་ཆ་མཁོ་སྤྲོད་བྱེད་དགོས། (སྨན་བཅོས་རིན་དངུལ་དང་སློབ་ཞུགས་བརྡ་ཐོ་སོགས་ལྟ་བུ། )

བྱེ་བྲག་གི་བརྒྱུད་རིམ།

ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་གནས་ཚུལ་ལ་ཞིབ་བཤེར་དང་ཁྱིམ་ཐོ་ལ་རྩད་གཅོད། དམངས་གཙོའི་དཔྱད་འཇོག་སོགས་ཀྱི་གནས་ཚུལ་གཞིར་བཟུང་སྟེ། རེ་འདུན་ཞུ་མཁན་ཁྱིམ་ཚང་གི་ཐོག་མའི་རེ་འདུན་ཞུ་ཡིག་ལ་བསམ་འཆར་བཏོན་ནས། གསར་དུ་ཁ་སྣོན་བྱས་པའི་ཆེས་དམའ་བའི་འཚོ་བར་འགན་སྲུང་ཐོབ་པའི་ཞིབ་བཤེར་སྤྱི་བསྒྲགས་མིང་བྱང་ཁ་བསྐངས་ནས། རེ་འདུན་ཞུ་ཡིག་འབུལ་མཁན་ཡོད་སའི་སྡེ་བ་དང་གཞིས་ཁུལ་ལ་སྤྱི་བསྒྲགས་བྱ་དགོས་པ་དང་། སྤྱི་བསྒྲགས་བྱེད་པའི་དུས་ཡུན་ཉིན7ཡིན། སྤྱི་བསྒྲགས་དུས་ཡུན་ལོངས་རྗེས་རེ་འདུན་ཞུ་ཡིག་འབུལ་གྱིས་འབྲེལ་ཡོད་རྒྱུ་ཆ་ལ་ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གྲོས་སྡུར་ཞིབ་འཇུག་བྱས་ཏེ་ཆོག་མཆན་གནང་དགོས་ཤིང་། ཆོག་མཆན་བརྒྱུད་རིམ་ཧྲིལ་བོ་དེ་དུས་ཡུན་ཉིན25ཡི་ནང་དུཡོངས་འགྲུབ་བྱ་དགོས།

ད་ལྟའི་ཁ་གསབ་ཀྱི་ཚད་གཞི།

གྲོང་ཁྱེར། ཟླ་རེར་སྒོར643 གྲོང་ཁྱེར་གྱི་འགན་སྲུང་དམའ་བའི་དོན་དངོས་ལག་བསྟར་གྱི་ཧེ་བག་ཁ་གསབ།

གྲོང་གསེབ། ལོ་རེར་སྒོར4800 གྲོང་གསེབ་ཀྱི་འགན་སྲུང་དམའ་བའི་དོན་དངོས་རིགས་བཀར་གྱི་ཁ་གསབ།

དྲོད་འདོན་ཁ་གསབ་ཀྱི་ཚད་གཞི།

གྲོང་ཁྱེར་གྱི་ཆེས་དམའ་བའི་འགན་སྲུང་ཁྱིམ་ཚང་རེར་ལོ་རེར་སྒོར1000རེ།

གྲོང་གསེབ་གྱི་ཆེས་དམའ་བའི་འགན་སྲུང་ཁྱིམ་ཚང་རེར་ལོ་རེར་སྒོར800རེ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།