ཞིང་སྡེའི་གློག་རྡུལ་ཚོང་དོན་གྱིས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་བསྐྱེད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས5ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་བྲག་དམར་སྡེ་བའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ནས་ཆང་དང་མདོག་གསུམ་གྲོ་འབྲུ། ཀེ་ཚེ་བཟའ་སྣུམ། ལུག་ཤ་སོགས་ཕྱིར་འཚོང་དྲ་ཚིགས་ཁྲོད་མིག་དབང་ཅིག་ཅར་འཕྲོག་པའི་མཚོ་སྔོན་ཁྱད་ལྡན་ཐོན་རྫས་དག་རིགས་བཀར་སྒོས་ཚོང་སྒྲོམ་སྟེང་དུ་བཤམས་ཡོད་ལ། འགན་ཁུར་མི་སྣ་ལན་ཀྲོའུ་ཡིས་དངོས་པོ་དག་ལ་ཚང་རྩིས་བྱེད་བཞིན་ཡོད།

ད་ལོ་ལོ49ལ་སོན་པའི་ལན་ཀྲོའུ་ནི་བྲག་དམར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཡིན། དེ་ལས་གཞན་ཁོར་ད་རུང་ཐོབ་ཐང་གསར་པ་ཞིག་ཀྱང་ཡོད་པ་ནི་གློག་རྡུལ་ཚོང་དོན་གྱི་སྣེ་ཁྲིད་པ་རེད། ལོ་འགའི་ཡར་སྔོན་ནི་ལན་ཀྲོའུ་ལ་མཚོན་ནས་བཤད་ན། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིད་ལ་ཡང་དྲན་མ་མྱོང་བའི་དོན་དག་ཅིག་ཡིན་ལ། དེའི་མི་ཚད་འགྱུར་ལྡོག་འདི་དག་ཡོད་ཚད་ནི་པེ་ཅིན་གྱི་ཀྲུང་གོ་ས་རྒྱུ་སློབ་ཆེན་གྱི་སྡེ་སྡོད་ལས་བྱེད་རུ་ཁག་གི་རོགས་རམ་ལས་ཐོབ་པ་ཡིན། 2019ལོར་ལན་ཀྲོའུ་ཡིས་སྡེ་སྡོད་བྱ་བའི་རུ་ཁག་བཙལ་ནས་ཁོ་ཚོར་དབྱར་རྩྭ་འཚོང་རྒྱུའི་ཐད་རོགས་རམ་བྱེད་དུ་བཅུག ལན་ཀྲོའུ་ཡིས་བཤད་རྒྱུར། “ལོ་དེར་ཚོང་དོན་དེའི་རིགས་གཏན་འཇགས་མིན་ལ། རིན་གོང་ཡང་མཐོན་པོར་བཙོངས་མི་ཐུབ་པས་གྱོད་གུད་ཚབས་ཆེན་ཐེབས”ཟེར། སྐབས་དེར་སྡེ་སྡོད་ལས་བྱེད་རུ་ཁག་གིས་དྲ་ལམ་བརྒྱུད་དེ་ཕྱིར་འཚོང་ཚོད་ལྟ་བྱས་ནས་རོགས་རམ་བྱེད་རྒྱུ་ཐག་གིས་བཅད།

“མ་བསམ་ས་ནས་གྲོགས་ཚོམས་སྟེང་གནས་ཚུལ་དེ་སྤེལ་མ་ཐག་གྲོགས་པོ་མང་པོས་དོ་ཁུར་བྱས་ཤིང་། ལོ་ཕྱེད་ལྷག་གི་དུས་ཚོད་ནང་ཕྱིར་འཚོང་མ་དངུལ་སྒོར་ཁྲི12ལ་སླེབས། ”ཐེངས་འདིའི་དྲ་ལམ་ཕྱིར་འཚོང་གིས་ལན་ཀྲོའུ་ཡིས་དྲ་ལམ་ཕྱིར་འཚོང་གི་ཁེ་ཕན་ཤེས་སུ་བཅུག་པས་ཁོའི་ཡིད་ལ་བསམ་ཚུལ་གསར་པ་ཞིག་འཁོར།

ལན་ཀྲོའུ་དང་སྡེ་སྡོད་ལས་བྱེད་རུ་ཁག་གིས་མཉམ་གཅིག་ཏུ་གློག་རྡུལ་ཚོང་དོན་གཉེར་འགོ་བརྩམས། 2020ལོའི་ཟླ4པར། ཀྲུང་གོ་ས་རྒྱུ་སློབ་ཆེན་གྱི་སྡེ་སྡོད་ལས་བྱེད་རུ་ཁག་གི་རོགས་རམ་འོག བྲག་དམར་སྡེ་བས་ཞིང་ལས་ཁྱད་ལྡན་ཕྱིར་འཚོང་དྲ་ཚིགས་གསར་དུ་བཙུགས་པ་དང་། “མཚོ་སྔོན་བཟའ་ཆས་བཟོ་ཁང”གློག་རྡུལ་ཚོང་དོན་སྟེགས་བུ་དེ་ཐའོ་པའོ་སྟེགས་བུའི་སྟེང་ཤར་གཏོང་བྱས། ལན་ཀྲོའུ་ཡིས་བཤད་རྒྱུར། “ན་ནིང་ཟླ4པ་ནས་ཟླ6པའི་བར་ཚོང་ཐོ་ཉིས་སྟོང་ལྷག་འབྱོར་བ་དང་ང་ཚོ་བྲག་དམར་སྡེ་བའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དག་པེ་ཅིན་དང་ཧྲང་ཧའེ། ཀོང་ཏུང་སོགས་ས་ཁུལ་དུ་ཕྱིར་འཚོང་བྱས་ཤིང་། ཕྱིར་འཚོང་མ་དངུལ་སྒོར་ཁྲི80ལྷག་ལ་བུད་ཡོད”ཟེར།

ལན་ཀྲོའུ་ཡི་སྣེ་ཁྲིད་འོག་སྡེ་བའི་ནང་གི་མི་གཞན་དག་ཀྱང་འཕྲོ་རིམ་འཕྲོར་གློག་རྡུལ་ཚོང་དོན་གྱི་ལམ་དུ་ཞུགས། 2020ལོར་བྲག་དམར་སྡེ་བའི་མཉམ་ལས་ཁང་གི་ཚོང་གཉེར་མ་དངུལ་སྒོར་ཁྲི500ལས་བརྒལ་ཡོད། དེའི་ཁྲོད་དྲ་ལམ་ཕྱིར་འཚོང་མ་དངུལ་སྒོར་ཁྲི110ལ་བུད་པ་དང་། སྡེ་བའི་མི་རེའི་ཆ་སྙོམས་ཡོང་སྒོ་དེ2016ལོའི་སྒོར4000ནས2020ལོར་སླེབས་དུས་སྒོར11000ལ་བུད་པ་རེད།

ཞིང་ཆེན་ཚོང་དོན་ཐིན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། རང་ཞིང་གིས2015ལོར་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་སྡེ་བའི་ནང་སྤེལ་བའི་དཔེར་སྟོན་བྱ་བ་སྤེལ་བ་ནས་བཟུང་། ཞིང་ལས་སྒོ་ཕྱུགས་ཀྱི་ཐོན་རྫས་དག་ཕྱོགས་འཕར་མ་ནས་འཁོར་རྒྱུགས་ཐུབ་པའི་ཕན་འབྲས་མངོན་གསལ་བྱུང་ཞིང་། དྲ་ལམ་འཛད་སྤྱོད་མ་དངུལ་སྒོར་ཁྲི2000མངོན་འགྱུར་དང་དྲ་ལམ་ཕྱིར་འཚོང་མ་དངུལ་སྒོར་ཁྲི290ལ་བུད་ནས། སྒོ་ཕྱུགས་ཐོན་རྫས་ཀྱི་ཚོང་རྟགས་མི་འདྲ་བ10ལྷག་གི་གསབ་སྦྱོང་ཡོངས་འགྲུབ་བྱས་ཏེ། ཚོང་རྟགས་ཅན་དེ་ནི་རང་ཞིང་གི་ཞིང་སྡེའི་གློག་རྡུལ་ཐོན་རྫས་ཡར་ལ་ཕྱོགས་པའི་མུར་བསྟུད་འཕེལ་རྒྱས་ཀྱི་ནུས་ཤུགས་སུ་གྱུར། དེ་ལས་གཞན། གློག་རྡུལ་ཚོང་དོན་ཞིང་སྡེ་རུ་འཛུལ་བའི་དཔེར་སྟོན་བྱ་བའི་ཐད་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་པས་གློག་རྡུལ+དབུལ་སྐྱོར་གྱི་ཕན་འབྲས་གནད་སྨིན་བྱུང་།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།