བཟི་བོར་འདྲེད་སྐྱོན་ཤོར་ན་འཐུང་རོགས་ཚོས་འགན་འཁུར་དགོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་མཁར་གྲོང་ན་གཞོན་སྲང་ལམ་གཞིས་ཁུལ་དུ་སྡོད་པའི་སྐུ་ཞབས་ཝང་གིས《གཞིས་ཁུལ་ཁྲིམས་དཔོན》ཞེས་པའི་འགྲེམས་བྱང་སྟེང་གནས་ཚུལ་འདི་འདྲ་ཞིག་བཀོད། ལོ་སར་སྐབས་སུ་གྲོགས་པོ་འགའ་དངལྷན་འཛོགས་བྱས་ཏེ་ཆང་བཏུང་པ་དང་། ཁོ་ཚོའི་ཁྲོད་ཀྱི་གྲོགས་པོ་ཞིག་ནང་ལ་ལོག་སྐབས་དུས་སེམས་ཆུང་མ་བྱས་པར་ཐང་ལ་འདྲེད་བརྡབ་ཤོར་ནས་རྨས་ཕོགས་ཡོད་པས། ཁོའི་ཁྱིམ་མིས་ཆང་འཐུང་རོགས་ཚོས་སྐྱིན་ཚབ་གཞལ་དགོས་པའི་བླང་བྱ་བཏོན་ཡོད་པས། དོན་བྱ་འདིས་སྐུ་ཞབས་ཝང་སྡུག་ལ་གཏད། གྲོགས་པོའི་བར་གྱི་ལྷན་འཛོམས་གསོལ་སྟོན་དེ་ཅིའི་ཕྱིར་ཁྲིམས་ཁང་གི་ཞུ་གཏུག་ཏུ་གྱུར་སོང་བ་ཡིན་ནམ། སྐུ་ཞབས་ཝང་གིས《གཞིས་ཁུལ་ཁྲིམས་དཔོན》ལེ་ཚན་བརྒྱུད་དེ་རྒྱུས་ལོན་བྱ་འདོད་པ་ནི། ཞའོ་ལིས་ཀྱིས་ཁྱིམ་མི་དག་གིས་བཏོན་པའི་སྐྱིན་ཚབས་འགན་འཁྲི་དེ་དོན་ངོ་མས་རང་ཉིད་ཀྱིས་འཁུར་དགོས་མིན་དེ་ཡིན།

དོན་དག་ལ་ཕྱིར་ལྟ་བྱེད་པ།

སྐུ་ཞབས་ཝང་གིས་བཤད་པ་ལྟར་ན། ཟླ2པའི་ཚེས15སྟེ་ལུགས་རྙིང་གི་ཟླ་དང་པོའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད5ཡས་མས་སུ། ཁོ་དང་ཞའོ་ལིས་ཐེ་བའི་གྲོགས་པོ་ལྔས་དུས་ཆད་འཐེན་ཏེ་ཞའོ་ཀྲང་ཚང་དུ་འཛོམས་རྒྱུ་བྱས་ཤིང་། དགོང་མོ་དུས་ཚོད10ཡས་མས་སུ་ཚང་མས་ཆང་བཏུང་སྟེ་བཟི་བས་རང་རང་གི་ཡུལ་ལ་ངལ་གསོ་བྱེད་དུ་འགྲོ་ཆས་བྱས། ཞའོ་ལིས་བཟི་ནས་གོམ་ཚུགས་མི་བརྟན་ཚང་མས་བསྐྱོར་ནས་ལམ་འགྲམ་བརྒྱུད་དེ་ཁོ་ཚང་ཡོད་སའི་ཐོག་ཁང་གི་འགྲམ་དུ་བསྐྱལ་མཐར་ཕྱིར་སོང་། ཞའོ་ལིས་ཚང་བཞི་ཐོག་ཏུ་ཡོད་ལ་ཞའོ་ལིས་ཀྱིས་རང་ཉིད་འགྲོ་ཐུབ་པས་གཏན་ནས་སྐྱེལ་མི་དགོས་ཞེས་བསྐྱལ་དུ་མ་བཅུག ཚང་མས་ཞའོ་ལིས་གཡས་འཁྱར་གཡོན་འཁྱར་ངང་ཐོག་སོའི་སྒོ་ཆེན་ནང་འཛུལ་བ་མཐོང་རྗེས་རང་རང་གི་ཡུལ་ལ་ལོག སྐུ་ཞབས་ཝང་ཡུལ་ལ་ལོག་ནས་ཅུང་མ་འགོར་པར་ཞའོ་ལིས་ཚང་གིས་ཁ་པར་བཏང་འོངས་ནས་བཤད་རྒྱུར། ཞའོ་ལིས་ཐོག་ཁང་དུ་འཛེགས་དུས་སེམས་ཆུང་མ་བྱས་པར་རྐང་འདྲེད་ཤོར་ནས་ལག་གཡོན་པའི་མཁྲིས་མ་བཅག་འདུག་ལ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་ཟེར། ཉིན་གཉིས་པར་སྐུ་ཞབས་ཝང་གིས་ཁོ་ཚོའི་ཆང་འཐུང་རོགས་ཚང་མ་བོས་ནས་ཞའོ་ལིས་ལ་བལྟ་རུ་སོང་བ་མ་ཟད། སྒོར2000གི་ནད་འདྲིའི་འཚམས་རྟགས་བྱིན། ཡིན་ཡང་ཉིན་འགའ་འགོར་རྗེས་སྐུ་ཞབས་ཝང་ལ་ཞའོ་ལིས་ཚང་གིས་བཏང་པའི་ཁ་པར་འབྱོར་ནས་བཤད་རྒྱུར། ཞའོ་ལིས་ཀྱི་རྨས་སྐྱོན་ནི་གྲོགས་པོ་ཚོ་དང་ལྷན་དུ་ཆང་བཏུང་ནས་བཟོས་པ་ཡིན་པས། སྐུ་ཞབས་ཝང་དང་ཐེ་བའི་ཆང་འཐུང་རོགས་ཚོས་མི་རེའི་སྐྱིན་ཚབས་སྒོར་ཁྲི་གཅིག་རེ་སྤྲོད་དགོས་པའི་བླང་བྱ་བཏོན་ལ། དེ་ནི་ཞའོ་ལིས་ཀྱི་སྨན་བཅོས་རིན་དངུལ་དང་འཚོ་བའི་གྲོན་དངུལ། ལས་འགྱངས་གྱོང་གསབ་ཀྱི་རིན་དངུལ་ཡིན་ཚུལ་བཤད།

ཕྱོགས་གཉིས་ཀའི་བཤད་སྟངས།

སྐུ་ཞབས་ཝང་གིས་ཁོ་ཚོས་ཞའོ་ལིས་ཁོ་ཚང་གི་སྒོ་ཆེན་ཁར་བསྐྱལ་དུས། ཞའོ་ལིས་རང་ཉིད་ཀྱིས་ཡུལ་ལ་གཏན་ནས་སྐྱེལ་དུ་མ་བཅུག་པས་ད་བཟོད་མ་བསམ་ས་ནས་རྨས་སྐྱོན་བྱུང་བ་ཡིན་པས། ཁོ་ཚོས་རང་གི་འགན་ནུས་ཅི་ཡོད་གང་ཐུབ་ཀྱིས་སྒྲུབ་ཡོད། དེའི་མི་ཚད་ཞའོ་ལིས་ལ་རྨས་སྐྱོན་བྱུང་བ་ཤེས་མ་ཐག་ཚང་མས་ཁམས་འདྲི་བྱས་པ་མ་ཟད་ནད་རྟགས་འཚམ་འདྲིའི་དངུལ་ཡང་བྱིན་ཡོད་པས། ཞའོ་ལིས་ཁྱིམ་མིས་བཏོན་པའི་སྐྱིན་ཚབ་འགན་འཁྲིའི་སྒོར་མོ་སྟེར་དགོས་པའི་རེ་འདུན་བཏོན་པ་དེ་ནི་ཁུངས་མེད་རྙོག་དྲ་ལས་མ་འདས་ཟེར། ཞའོ་ལིས་ཀྱི་ཁྱིམ་མིས་བཤད་ན། སྐུ་ཞབས་ཝང་སོགས་ཀྱིས་ཞའོ་ལིས་བཟི་ནས་ལམ་དུ་འགྲོ་མི་ཐུབ་པ་ཤེས་བཞིན་ཏུ་སྒོ་ཆེན་ཁར་མ་གཏོགས་མ་བསྐྱལ་པས། ད་བཟོད་ཞའོ་ལིས་སྐས་རྐང་ལས་རྡོག་འདྲེད་ཤོར་ཏེ་རྨས་ཕོགས་པ་ཡིན་པས། བབ་བསྟུན་གྱི་སྐྱིན་ཚབ་འགན་འཁུར། དེ་མིན་ཁྲིམས་གཏུག་ལས་གནད་དོན་འདི་ཐག་གཅོད་བྱ་རྒྱུ་ཡིན་ཟེར།

ཁྲིམས་རྩོད་པས་བཤད་སྟངས།

མཚོ་སྔོན་ཧའེ་ཧོང་ཁྲིམས་རྩོད་དོན་གཅོད་སའོ་ཡི་ཁྲིམས་རྩོད་པ་སུའུ་ཡིས་བཤད་རྒྱུར། དམངས་ཁྲིམས་ཡིག་མཛོད་ཀྱི་གཏན་འབེབས་ལྟར་ན། ཆང་འཐུང་རོགས་དུ་བོས་པའི་གྲོགས་པོ་དག་གིས་དེར་བསྟུན་གྱི་འོས་འགན་འཁུར་རྒྱུར་ཡིད་འཇོག་བྱ་དགོས། ཡོངས་གྲགས་ཀྱི་ཡིད་འཇོག་འོས་འགན་ཞེས་པ་དེ་ནི་ཆང་བཏུང་མི་སྣ་ཕན་ཚུན་བར་གྱིས་བཀག་འགོག་དང་བརྡ་སྦྱོར། རོགས་སྒྲུབ། བདག་སྐྱོང་། རོགས་རམ་སོགས་ཀྱི་འོས་འགན་འཁུར་དགོས་ཤིང་། འོས་འགན་འདི་དག་ཁུར་དུ་ལེན་པའི་རྣམ་པ་ཡང་ཡིན་ལ། དེར་བསྟུན་གྱི་འོས་འགན་གསལ་སྟོན་བྱ་དགོས་པ་དེ་ལ་ཟེར་བ་རེད། གྱོད་དོན་འདིའི་ཁྲོད་ཞའོ་ལིས་ཆང་གིས་བཟི་རྗེས་སྐུ་ཞབས་ཝང་འདུས་པའི་ཆང་འཐུང་རོགས་དག་གིས་རོགས་རམ་བྱས་མོད། འོན་ཀྱང་ཞའོ་ལིས་སྒོ་ཆེན་ཁར་བསྐྱལ་བ་དེས་རོགས་སྒྲུབ་དང་རོགས་རམ་གྱི་འོས་འགན་དེ་མཇུག་རྫོགས་ཟིན་པ་མིན་ལ། ཞའོ་ལིས་རང་ཉིད་ཀྱིས་རོགས་རམ་མི་དགོས་ཚུལ་བཏོན་པས་སྐུ་ཞབས་ཝང་སོགས་ལ་འོས་འགན་མེད་པ་གཏན་ནས་མིན། དེའི་རྒྱུ་རྐྱེན་ཞའོ་ལིས་ད་རུང་སྔར་བཞིན་བཟི་ཡོད་པས་རང་གི་འགྲོ་འདུག་བྱ་སྤྱོད་ལ་སྟངས་འཛིན་བྱེད་མི་ཐུབ། སྐུ་ཞབས་ཝང་སོགས་ལ་མཚོན་ནས་བཤད་ན་དུས་ལྟར་ཞའོ་ལིས་ཚང་གི་ཁྱིམ་མི་ལ་བརྡ་བཏང་ནས་ལེན་དུ་འོངས་སུ་འཇུག་དགོས་ཤིང་། ཞའོ་ལིས་ཀྱི་ལུས་པོའི་བདེ་ཐང་ལ་ཁག་ཐེག་བྱ་དགོས། སྐུ་ཞབས་ཝང་སོགས་ཀྱིས་ཞའོ་ལིས་ཐོག་ཁང་དུ་མ་བསྐྱལ་པ་མ་ཟད། ཁྱིམ་མི་དག་ལ་ཡང་བརྡ་བཏང་མེད་པའི་བྱ་སྤྱོད་དེ་ནི་ནོར་འཁྲུལ་ལས་མ་འདས་པས། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་འབྲེལ་ཡོད་འགན་འཁྲི་དང་དུ་ལེན་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།