རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་དབུལ་དམངས་ཁྲི10.3གྱི་སྣེ་ཁྲིད་ནས་དབུལ་ཐར་བྱུང་བ།

མཚོ་སྔོན་ལ་ཡུལ་སྐོར་བྱེད་པའི་མི་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས། མཚོ་སྔོན་རིག་གནས་ཡུལ་སྐོར་གྱིས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་མོད་པོ་ཞིག་ཁྲོམ་ར་ཅན་ལ་ཁ་ཕྱོགས་སུ་བཅུག ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཁྱབ་སྤེལ་བྱས་པའི་གཞི་གྲངས་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་ཁྱོན་བསྡོམས་དབུལ་ཕོངས་མི་གྲངས་ཁྲི10.3གྱི་སྣེ་ཁྲིད་ནས་ཕྱུག་འགྱུར་བྱུང་དུ་བཅུག རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དེས་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་ཁ་རུ་ལས་ཞུགས་བྱེད་དུ་བཅུག

རྒྱང་ཐག་ཧ་ཅང་རིང་བའི་ཕྱི་རྒྱལ་དུ་ཕྱིར་འཚོང་བྱས་པའི་མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཐོན་རྫས་དང་མང་ཚོགས་ཀྱི་སྒོ་རྩར་ཡོད་པའི་གཟུགས་འདས་ཤུལ་བཞག་གི་དབུལ་སྐྱོར་ལས་སྐྲུན་དང་། རང་ཞིང་གིས་འཕེལ་རྒྱས་སུ་བཏང་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་དེ་རོང་འབྲོག་མང་ཚོགས་ཀྱི་དབུལ་ཐར་དང་ཟུང་འབྲེལ་སྒོས། “ཆ་འཕྲིན་དྲ་རྒྱ+”གྲུབ་གཞིའི་རིག་གནས་ཡུལ་སྐོར་རྣམ་པ་གསར་པའི་ཐོན་རྫས་ཕྱིར་འཚོང་མ་ལག་གིས་སྐུད་ལམ་སོ་སོའི་ལམ་ཐིག་ཤར་གཏོང་ཐུབ་པ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ལག་ཤེས་བཟོ་ལས་སྒྱུ་རྩལ་པའི་ཐབས་རྩལ་ཁྲོད་མི་རིགས་སྲོལ་རྒྱུན་རྩལ་ནུས་ལ་གསོན་ཤུགས་སྔ་ན་མེད་པ་ཞིག་བསྐྲུན། དམངས་ཁྲོད་ཀྱི་རྩལ་ནུས་རེ་རེ་ལས་བྱུང་བའི་ཐོན་རྫས་ཆུང་ཆུང་དག་དབུལ་ཐར་ཕྱུག་འགྱུར་གྱི་ཐོན་ལས་ཆེན་པོར་གྱུར།

ས་ཁུལ་སོ་སོའི་ལག་ཤེས་བཟོ་ལས་སྒྱུ་རྩལ་མི་སྣས་ད་དུང“ལག་ཤེས་སྒྱུ་རྩལ་ཐོན་རྫས+ཐོན་སྐྱེད་འཁོར་ཁང+དབུལ་སྐྱོར”གྱི་རྣམ་གཞག་གསར་སྐྲུན་བྱས་པས། མཚོ་སྔོན་གཞི་རྒྱུའི་མི་རིགས་ལག་ཤེས་བཟོ་ལས་སྒྱུ་རྩལ་ཐོན་རྫས་རྒྱལ་ཁབ་ཕྱི་ནང་དུ་ཕྱིར་འཚོང་བྱེད་པ་མངོན་འགྱུར་བྱུང་། བཟོ་ལས་སྒྱུ་རྩལ་ཐོན་རྫས་འདི་དག་གི་ཁྲོད་དམངས་ཁྲོད་སྒྱུ་རྩལ་མི་སྣས་ལག་པ་གཉིས་ལ་བརྟེན་ནས་གསར་བཟོ་བྱས་པའི་ཁྱད་ལྡན་ལག་ཤེས་ཐོན་རྫས་ཡོད་ལ། རིག་གནས་ཁེ་ལས་ཐོན་སྐྱེད་ཀྱི་གསར་གཏོད་ཐོན་རྫས་ཡང་ཡོད། རིགས་དབྱེ་ལ་བོད་ལུགས་གཙག་དྲུབ་དང་ཐང་ཀ རྡོ་བཟོས་རི་མོ། རྫ་གཡམ་ནག་པོ། གསེར་དངུལ་ཟངས་ཀྱི་ཡོ་བྱད། མི་རིགས་གྱོན་ཆས་སོགས་རིགས་ཆེན་པོ་བརྒྱད་དུ་དབྱེ་ཡོད།

རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་སྡོམ་རྩིས་བྱས་པ་ལྟར་ན། 2019ལོ་ནས་བཟུང་། རང་ཞིང་གིས་ཁྱོན་བསྡོམས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། རྫོང་རིམ་པ་བཅས་ཀྱི་གཟུགས་འདས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་ཀྱི་བཟོ་ལས་འཁོར་ཁང46གསར་འཛུགས་བྱས། དེའི་ཁྲོད་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་དབུལ་སྐྱོར་ལས་ཞུགས་ཀྱི་འཁོར་ཁང18གྱིས་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི9240མངོན་འགྱུར་བྱས། ཐང་ཀ་དང་གཙག་དྲུབ། འཇིམ་བརྐོས་སོགས་ལག་ཤེས་བཟོ་ལས་སྒྱུ་རྩལ་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཁྲི8ལ་ཉེ་བ་ལྷག་གི་ཡོང་སྒོ་འཕར་དུ་བཅུག སྲོལ་རྒྱུན་ལག་ཤེས་རྩལ་ནུས་ཀྱིས་དུས་རབས་གསར་པ་ལ་འཚོ་གནས་དང་གསོན་ཤུགས་གསར་པ་ཞིག་བསྣན།

ཐའོ་པའོ་དང་ཏུན་ཏུང་སོགས་དྲ་ལམ་ཕྱིར་འཚོང་སྟེགས་བུའི་ཁྲོད་མཚོ་སྔོན་དང་འབྲེལ་ཡོད་རིག་གནས་ཡུལ་སྐོར་ཚོང་རྫས་མང་པོ་ཞིག་འཚོལ་བཤེར་བྱ་ཐུབ་ལ། ཐུན་མིན་ཁྱད་ཆོས་ལྡན་པའི་མཚོ་སྔོན་གཙག་དྲུབ་རིགས་ཀྱི་ལག་ཤེས་བཟོ་རྩལ་དང་སྲོལ་རྒྱུན་ལག་ཤེས་བཟོ་རྩལ། གཟུགས་འདས་ཤུལ་བཞག་ཐོན་རྫས། རིག་གནས་ཡུལ་སྐོར་ཚོང་རྫས་སོགས་དྲ་ལམ་དུ་ཕྱིར་འཚོང་བྱེད་པའི་ཚ་རླབས་འཕྱུར། གཙག་དྲུབ་ཐོན་རྫས་ཀྱི་ཕན་ནུས་ཉིན་རེ་བཞིན་ཇེ་གསལ་དུ་བྱུང་བ་དང་བསྟུན་ནས རང་ཞིང་ལ་ཁྱིམ་ཚང་གི་རྣམ་པའི་བཟོ་ལས་འཁོར་ཁང་དང་གཙག་དྲུབ་ཀུང་ཟི+ཞིང་ལས་ཁྱིམ་ཚང། གཙག་དྲུབ་མཐུན་ཚོགས+ཞིང་ལས་ཁྱིམ་ཚང་སོགས་ཀྱི་ལས་གཉེར་འཕེལ་རྒྱས་སུ་སོང་།

རང་ཞིང་གི་མཚོ་ཤར་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ཀྱིས“ཀུང་ཟི+རྟེན་གཞི+ཞིང་ཁྱིམ”གྱི་རྣམ་པར་བརྟེན་ནས། གཙག་དྲུབ་ལས་སྣོན་ཕྱིར་འཚོང་བྱེད་པའི་གཞི་ཁྱོན་མུ་མཐུད་དུ་ཇེ་ཆེར་བཏང་། ད་རུང་དྲ་ལམ་དུ་ཚོང་ཁང་འབྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གཙག་དྲུབ་ཁྲོམ་ར་རྒྱ་སྐྱེད། 2019ལོར་རང་ཞིང་གི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་སྤེལ་བའི་ཐའོ་པའོ་ཡི་གཙག་དྲུབ་ཕྱིར་འཚོང་ཐད་གཏོང་ཁྲོད། གཙག་དྲུབ་ཕྱིར་འཚོང་བྱས་པའི་མ་དངུལ་སྒོར་ཁྲི700ལས་བརྒལ། དེར་མ་ཟད་གྲོང་ཁྱེར9ལ་གཙག་དྲུབ་སྒོ་བསྟེན་ཁང་ཚབ་འཚོང་བཙུགས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།