རང་ཞིང་གིས་ཐབས་མང་སྤྱད་དེ“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཁབ་ས་ཁོངས་ལ་ལྗང་སྒྱུར་སྤྱི་ཆིངས་ཁྲི30.9ལེགས་འགྲུབ་བྱུང་། ཞིང་ཆེན་རིམ་པའི་ནགས་ཚལ་མཁར་གྲོང5དང་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ15གསར་སྐྲུན་ལེགས་འགྲུབ་བྱུང་ཡོད། ད་ལོ་རང་ཞིང་གིས་རི་ཆུ་དང་ནགས་ཚལ། ཞིང་ས་མཚེའུ། རྩྭ་ཐང་། འཁྱག་རོམ། བྱེ་ཐང་བཅས་ལ་མ་ལག་རང་བཞིན་གྱི་བཅོས་སྐྱོང་བྱས་ནས་རྒྱལ་ཁབ་སྤྱི་གླིང་དེ་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་དཔེར་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་པ་དང་། ནུས་ཤུགས་གང་ཡོད་སྒོས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱས།

ཉེ་ལམ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་མི་འདྲ་བ109ལ་རིམ་པ་སོ་སོའི་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དག་སྒྲིག་ལེགས་སྒྱུར་ས་ཁུལ79ལ་བུད་ཅིང་། སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི3.41ལ་འཕར་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཁོངས་རྒྱ་ཁྱོན་སྡུར་ཚད་ཀྱི38.42%ལ་སླེབས། དེའི་ཁྲོད་རྒྱལ་ཁབ་སྤྱི་གླིང་གིས་སྲུང་སྐྱོབ་ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི52.2%ཟིན་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རྣམ་པ་གསར་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་རྩ་བའི་ཆ་ནས་གྲུབ་དུ་བཅུག་འདུག ད་ལོ་རང་ཞིང་གིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱི་གླིང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་ནས། མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རེ་འདུན་སྙན་ཞུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བར་མ་ཟད། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ཚོགས་སྤྱི་གསར་སྐྲུན་ལ་ནུས་ཤུགས་གང་ཡོད་བཏོན་ཡོད། རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྤྱི་གླིང་དཔྱད་གླེང་ཡུན་དར་སྡོད་གནས་དང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་འཛུགས་སྐྲུན་བྱས་ཡོད།

མུ་མཐུད་དུ་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་ལས་འགུལ་ལ་སྐུལ་འདེད་སྒོས་ཁ་གྲངས་རྒྱུན་འཁྱོངས་དང་རྒྱུ་སྤུས་མཉམ་འཛིན་ཐོག་རྒྱུ་སྤུས་སྔོན་ཐོན་གྱི་རེ་འདུན་དང་ཚན་རིག སྐྱེ་ཁམས། བསྲི་ཆགས་བཅས་ཀྱིས་རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་བྱས་ཏེ་རྒྱལ་ཁབ་ས་ཁོངས་སྤྱི་ཆིངས་ཁྲི30.9ལ་ལྗང་སྒྱུར་ལེགས་འགྲུབ་བྱུང་ཡོད། དེའི་ཁྲོད་སྡོང་ཕྲུག་ནགས་སྐྲུན་སྤྱི་ཆིངས་ཁྲི14དང་རྩྭ་ཐང་བཅོས་སྐྱོང་ཞིག་གསོ་སྤྱི་ཆིངས་ཁྲི16.6 ལས་འགན་སྡོང་འཛུགས་ཁ་གྲངས་ཁྲི1500 ཞིང་ཆེན་རིམ་པའི་ནགས་ཚལ་མཁར་གྲོང5དང་ཞིང་ཆེན་རིམ་པའི་ནགས་ཚལ་གྲོང་གསེབ15གསར་སྐྲུན་བྱས་ཡོད། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལོ་འཁོར40ཡི་རིམ་བསྟར་བྱ་འགུལ་སྤེལ་ཏེ། “ཆ་འཕྲིན་དྲ་རྒྱ+དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས”ལ་སྐུལ་འདེད་བཏང་ནས། རྒྱལ་སྲུང་ནགས་ཚལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ནགས་ཙལ། དཔའ་མོའི་ནགས་ཚལ། ན་གཞོན་གྱི་ནགས་ཚལ། བརྒྱད་གཅིག་ནགས་ཚལ། མཚོ་སྔོན་རོགས་སྐྱོར་ནགས་ཚལ། དང་བླངས་མཁན་གྱི་ནགས་ཚལ་སོགས་ཐུན་མོང་མཉམ་སྐྲུན་བྱ་འགུལ་མུ་མཐུད་དུ་སྤེལ།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོབ་ལ་ཤུགས་བསྣན་ནས་ཞིང་ཆེན་རིམ་པའི་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་གཙོ་བོའི་མིང་ཐོ་འཆར་འགོད་གཏན་འབེབས་ཁྱབ་སྒྲོག་བྱས། རི་སྐྱེས་སྲོག་ཆགས་ཀྱི་དོན་རྐྱེན་ཁ་གསབ་ཉེན་འགོག་ཚོད་ལྟའི་འཚོལ་ཞིབ་བྱ་བར་སྐུལ་འདེད་བཏང་ནས། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི“མི་དང་གཅན་གཟན་གྱི་རྡུང་ཐུག”འགོག་སྲུང་དང་། རྩྭ་སའི་སྐྱེ་ཁམས་ཁ་གསབ་སྒྲིག་གཞིའི་ཚོད་ལྟ་བཙུགས། གཅིག་གྱུར་འཆར་འགོད་ངང“མི་དང་གཅན་གཟན་གྱི་རྡུང་ཐུག”གནད་དོན་ཐག་གཅོད་བྱས། དེ་དང་ཆབས་ཅིག གསའ་དང་གཙོད་ཀྱི་སྐྱེ་འཕེལ་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་དང་མདོ་དབུས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་རྒྱུན་འཛིན་ཐོན་ཁུངས་གཞི་གྲངས་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རི་སྐྱེས་སྲོག་ཆགས་སྐོར་གྱི་ཁྲིམས་འགལ་ཉོ་འཚོང་གི་ནག་ཉེས་བྱ་སྤྱོད་ཐད“གཙང་སེལ་འགུལ་སྐྱོད”རྩ་འཛུགས་བྱས་པ་རེད།

སྐྱེ་ལྡན་འཕང་འབྲས་ཚད་ལྡན་ཅན་གྱི་རྟེན་གཞི་སྲ་བརྟན་དུ་བཏང་ཞིང་། དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཀྱི་བེད་སྤྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཤིང་ཏོག་ཅན་གྱི་ནགས་ཚལ་གྱི་དཔལ་འབྱོར་ཡོང་འབབ་ལ་སྐུལ་འདེད། ས་ཞིང་ཁྲོད་ཀྱི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ངོས་འཛིན། ལས་སྣོན་ཞིབ་ཚགས་དང་ཚོང་རྟགས་འཛུགས་སྐྲུན་བཅས་ཀྱི་སྒོ་ནས། ཁེ་ལས་ཀྱི་འབྱུང་ཁུངས་གཙོ་བོ་སྐོར་ཞིག་ངོས་འཛིན་དང་ཆེད་ལས་མཉམ་ལས་དཔེར་སྟོན་ཁང་། ནགས་ཚལ་བདེ་སྲུང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱིས་གྲོང་གསེབ་དུ་མེ་ཏོག་གི་རྒྱ་མཚོའི་ཁེབས་པ། སྐྱེ་ཁམས་འཚོལ་ཞིབ། ལྷད་མེད་དམངས་ཤག རང་བྱུང་སློབ་གསོ་སོགས་ཀྱི་ལས་རིགས་གསར་པ་སྤེལ་ནས། ཡོང་སྒོ་འཕར་བའི་གསབ་སྦྱོང་དང་མང་ཚོགས་ཕྱུག་འགྱུར་ཐད་ལ་ཐོལ་བརྒལ་གྱི་གྲུབ་འབྲས་སྨིན་དུ་བཅུག

རྒྱལ་ཁབ་རིམ་པའི་རྩྭ་ཐང་སྐྱེ་ཁམས་མ་ལག་གནས་གཏན་ལྟ་རྟོག་ཞིབ་འཇུག་ས་ཚིགས་དང་དུས་ཡུན་རིང་བོའི་ཚན་རྩལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་རེ་འདུན་སྙན་ཞུ་ཕུལ་བ་དང་། ས་གྲུ་བཞིའི་མདོ་དབུས་མཐོ་སྒང་གི་བྱེ་འགོག་སྐྱེ་དངོས་འདེབས་འཛུགས་རྒྱུ་སྤུས་ཐོན་ཁུངས་མཛོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། མཐེབ་རྒྱ་རུ་མདོ་དབུས་མཐོ་སྒང་གཟན་རྩའི་འདེབས་འཛུགས་རྒྱུ་སྤུས་ཐོན་ཁུངས་དང་གསོ་རྟེན་ལྟེ་གནས་འཛུགས་སྐྲུན་བྱས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་ལྗོན་པའི་མིང་ཐོའི་དཀར་ཆག་རྩོམ་སྒྲིག་ཁྱབ་སྤེལ་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།