གསུམ་བརྒྱད་བུད་མེད་དུས་ཆེན་གྱི་རིམ་བསྟར་བྱ་འགུལ་ཕུན་སུམ་ཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས4ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2021ལོའི་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་ཐོན་ལ་ཉེ་དུས། རང་ཞིང་གི་ས་ཁུལ་སོ་སོའི་བུད་མེད་ལྷན་ཚོགས་ཀྱིས་རྣམ་པ་སྣ་མང་ཅན་གྱི་རིམ་བསྟར་རྟེན་འབྲེལ་ཞུ་བའི་བྱ་འགུལ་མང་པོ་སྤེལ་རྒྱུ་རེད།

བྱ་འགུལ་སྐབས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་བུད་མེད་ལྷན་ཚོགས་ཀྱིས་གཞི་རིམ་དང་མཁར་གྲོང་གཞིས་ཁུལ་སོགས་སུ་རྩ་འཛུགས་བྱས་ཏེ། ཆེས་ཆུང་ས་རུ་འགོ་བཙུགས་ནས་བུད་མེད་མང་ཚོགས་ཀྱི་དགའ་སྤྲོ་མཚར་སྣང་གི་རྣམ་པས་བྱ་དགའ་གཞི་རིམ་དུ་སྤེལ་བ་དང་གཏམ་རྒྱུད་མཉམ་སྤྱོད་གྲོས་ཚོགས་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད།

ཞིང་ཆེན་བུད་མེད་ལྷན་ཚོགས་ཀྱིས“སྔོན་ཐོན་མིག་དཔེ་ལ་བརྩི་བཀུར་དང་གཞི་རིམ་ལ་བྱ་དགའ་སྟེར་བའི”བྱ་འགུལ་དང“ངས་བུད་མེད་མང་ཚོགས་ཀྱི་ཆེད་ལ་དོན་དངོས་སྒྲུབ་པ་སོགས་ཀྱི་ལག་ལེན་བྱ་འགུལ། བུད་མེད་དཔའ་མོ་དག་གི་གཏམ་རྒྱུད་གཞི་རིམ་དུ་མཉམ་སྤྱོད་བྱེད་པའི་གྲོས་ཚོགས། “གསུམ་བརྒྱད”ཁེ་དབང་འགེབས་སྲུང་སོགས་ཀྱི་རིམ་བསྟར་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

ཟི་ལིང་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས“དམར་པོའི་གཞི་རྒྱུ་རྒྱུན་འཛིན་སྒོས་དཔའ་སྤོབས་ངང་རང་འགན་ཕྲག་ཏུ་ལེན་པ”ཞེས་པའི་བཞུགས་མོལ་གྲོས་ཚོགས་བསྡུས་པ་དང་། “2021ལོའི་དཔྱིད་རླུང་ལས་འགུལ་ལས་ཞུགས་རོགས་སྐྱོར”གྱི་ཆེད་དོན་ཞབས་ཞུའི་བྱ་འགུལ། “མིག་དཔེའི་སྟོབས་ཤུགས”ཞེས་པའི་དྲ་ལམ་དྲིལ་སྒྲོག་འགྲེམས་སྟོན་བྱ་འགུལ། རོགས་སྐྱོར་ཁམས་འདྲིའི“བརྩེ་སེམས་བྱ་འགུལ”སོགས་སྤེལ།

དེ་མིན། མཚོ་ཤར་གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱིས“དུས་རབས་གསར་པའི་བུད་མེད་དཔའ་མོ་དག་གི་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ”ཞེས་པ་བརྗོད་དོན་ཡིན་པའི་རིག་རྩལ་འཁྲབ་སྟོན་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་བུད་མེད་ལྷན་ཚོགས་ཀྱིས2020ལོའི་མཚོ་ནུབ་ཁུལ་གྱི“གསུམ་བརྒྱད”དར་དམར་ཐོབ་པའི་དམག་མི་ཚད་ལྡན་དང་། “གསུམ་བརྒྱད”དར་དམར་ཐོབ་པའི་ཚོགས་སྤྱི་ལ་གཟེངས་བསྟོད་བྱེད་པ། སྔོན་ཐོན་བུད་མེད་ཀྱི་དཔེར་མཚོན་བྱ་གཞག་རླབས་ཆེན། “ཆེས་མཛེས་པའི་ཁྱིམ་ཚང”གི་གཏམ་རྒྱུད་མཉམ་སྤྱོད་གྲོས་ཚོགས་བསྡུས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བུད་མེད་ལྷན་ཚོགས་ཀྱིས“ངས་བུད་མེད་མང་ཚོགས་ལ་དོན་དངོས་སྒྲུབ་པའི”དངོས་ཡོད་བྱ་འགུལ་སྤེལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བུད་མེད་ལྷན་ཚོགས་ཀྱིས་དམངས་སྲོལ་བཅའ་ཁྲིམས་དང་བུད་མེད་ཀྱི་བདེ་ཐང་འཆད་ཁྲིད་བྱ་འགུལ་སྤེལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བུད་མེད་ལྷན་ཚོགས་ཀྱིས“ཁྱིམ་སྲོལ་ལེགས་པོ་ཅན་ལ་ཁྱིམ་ཚང་སློབ་གསོ་ལེགས་པའི”དྲིལ་སྒྲོག་བྱ་འགུལ་སྤེལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བུད་མེད་ལྷན་ཚོགས་ཀྱིས“གསུམ་བརྒྱད”ཁེ་དབང་འགེབས་སྲུང་གི་བྱ་འགུལ་སྤེལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བུད་མེད་ལྷན་ཚོགས་ཀྱིས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྗེས་དྲན་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།