རང་ཞིང་གི་རིག་གནས་ཡུལ་སྐོར་ལས་རིགས་ཐད་ཀྱི་ལས་ཞུགས་མི་གྲངས་ཁྲི106ལ་བུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན། རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་རིམ་བསྟར་རིག་གནས་དང་ཡུལ་སྐོར་ལ་རྒྱལ་ཁ་ལེན་པའི་ཆེད་དོན་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་བསྡུས། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཏང་རྩ་འཛུགས་ཀྱི་ཁོངས་མིའམ་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་རང་ཞིང་གི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་དབུལ་ཐར་མཁྲེགས་གཏོར་ཐད་བླངས་པའི་གྲུབ་འབྲས་ངོ་སྤྲོད་བྱས།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ནི་རང་ཞིང་གི་རིག་གནས་དང་ཡུལ་སྐོར་གཏིང་ཟབ་མཉམ་བསྲེས་ཀྱི་ལེགས་ཆ་བསྣོལ་བརྩེགས་བྱས་པའི་དུས་མཚམས་ཡིན་ལ། རིག་གནས་དང་ཡུལ་སྐོར་གྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར870.76གཏང་རྒྱུ་ཡོངས་འགྲུབ་བྱུང་ཞིང་། ཁྱོན་བསྡོམས་ཡུལ་སྐོར་འགྲུལ་པ་དུང་ཕྱུར1.9ལ་སྣེ་ལེན་བྱས། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2100ལ་བུད། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་སྣེ་ཁྲིད་ངང་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་། 2020ལོའི་ལོ་མཇུག་བར། ཞིང་ཆེན་ཧྲིལ་བོར་སྐར་མ་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས741དང་རྒྱལ་ཡོངས་རིམ་པའི་གྲོང་གསེབ་ཡུལ་སྐོར་སྡེ་བ་གཙོ་བོ28 ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་གྱི་སྡེ་བ་གཙོ་བོ135བཅས་བྱུང་བ་རེད།

རང་ཞིང་གི་རིག་གནས་དང་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་བྱུང་བ་དེས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་དུ་བཅུག་ཅིང་། ད་ལྟའི་ཆར་ཞིང་ཆེན་ཧྲིལ་པོའི་རིག་གནས་དང་ཡུལ་སྐོར་ལས་ཞུགས་ལ་ཐད་ཀར་དུ་ཞུགས་པའམ་འབྲེལ་ཡོད་ལས་ཞུགས་མི་སྣ་ཁྲི106དང་། དེའི་ཁྲོད་གཙག་དྲུབ་ལས་རིགས་ཀྱི་ལས་ཞུགས་མི་སྣ་ཁྲི30ཡོད། གཙག་དྲུབ་ནི་རང་ཞིང་གི་གཙག་དྲུབ་ལག་ཤེས་བཟོ་ལས་སྒྱུ་རྩལ་མི་སྣའི་ཕྱུག་འགྱུར་ཡོང་སྒོ་འཕར་སྣོན་གྱི་ལམ་བུ་གལ་ཆེན་ཞིག་ཡིན།

དུས་ད་ལྟ་གྲོང་གསེབ་དང་ཡང་ན་གྲོང་ཁྱེར་གང་ཞིག་ཡིན་རུང་རིག་གནས་བྱ་འགུལ་གྱིས་གང་སར་ཁྱབ་ཡོད། སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དང་རིག་གནས་ཉིང་བཅུད་གོ་རིམ་ཡང་སྔར་ལས་ཇེ་ལེགས། རིག་གནས་ཀྱི་དམངས་ཕན་སྲིད་ཇུས་མུ་མཐུད་དུ་དངོས་འབེབས་བྱེད་པ་བཅས་ཀྱི་སྒོ་ནས་མང་ཚོགས་ལ་སྐྱིད་སྣང་མང་པོ་ཞིག་བྱུང་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་རང་ཞིང་གིས་རིག་གནས་སྡེ་བར་བསྐྱོད་པའི་བཟོ་སྐྲུན་མངོན་འགྱུར་བྱས་ཤིང་། སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་དང་རིག་རྩལ་འཁྲབ་སྟོན་སྒྲིག་ཆས་ཀྱིས་སྡེ་བ་རིམ་པ་ཁེབས་སུ་བཅུག ཞིང་ཆེན་ཡོངས་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་། དངོས་མང་བཤམས་སྟོན་ཁང་། རིག་གནས་ས་ཚིགས་ཀྱི་འཛུགས་སྐྲུན་ཁྱབ་འགྱེད་ཚད་གཞི་མུ་མཐུད་དུ་མཐོར་འདེགས་སུ་བཏང་ཡོད་པ་རེད།

དབུལ་སྐྱོར་བྱ་བ་བརྗོད་དོན་དུ་བྱས་པའི་སྒྱུ་རྩལ་བརྩམས་ཆོས་གསར་རྩོམ་གྱི་ངོས་ཐད་ནས། རང་ཞིང་གིས་འཁྲབ་གཞུང་ཆེ་གྲས་དང་ཆུང་གྲས20ལྷག་གསར་རྩོམ་བྱས་ཤིང་། དེང་རབས་རྒྱུད་སྐུད་ཟློས་གར《གསེར་དངུལ་ཐང་བྲེས་པའི་བརྩེ་གདུང》ཞེས་པ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བརྗོད་དོན་གར་སྟེགས་སྒྱུ་རྩལ་གྱི་ཕུལ་བྱུང་འཁྲབ་གཞུང་གི་འཁྲབ་སྟོན་ཁྲོད་ཟབ་ཞུགས་བྱས།

ཚེ་རིང་ཐར་གྱིས་བཤད་རྒྱུར། རང་ཞིང་གིས་རིག་གནས་དང་ཡུལ་སྐོར་རིན་ཐང་གི་སྣེ་ཁྲིད་བྱ་བར་མུ་མཐུད་དུ་ཤུགས་བསྣན་ནས། གཞི་རིམ་སྤྱི་གཞུང་རིག་གནས་སྒྲིག་ཆས་འཐུས་ཚང་ཏུ་བཏང་སྟེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ཇུས་གཞི་ཇེ་ལེགས་སུ་བཏང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཅིག་བསྡུས་འཕེལ་རྒྱས་སོགས་བྱེད་ཐབས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་ཇེ་མགྱོགས་སུ་བཏང་ཡོད། གྲོང་གསེབ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་རྒྱས་ཆེས་ཆེར་བཏང་ནས། གྲོང་གསེབ་དར་རྒྱས་ཐད་ལ་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱིས་སྟོབས་ཤུགས་གང་ཡོད་འདོན་སྤེལ་བྱ་རྒྱུ་ཡིན་ཟེར།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།