སྐབས་ཉི་ཤུ་པའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་གྲ་སྒྲིག་བྱ་བ་ཁྱོན་ཡོངས་ནས་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་པོ་བསྐོར་པའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་གཞུང་སྒྲུབ་ཁང་གིས2021ལོའི་མཚོ་སྐོར་འགྲན་སྡུར་གྱི་གྲ་སྒྲིག་འགོ་འཛུགས་པའི་ཚོགས་ཆེན་བསྡུས། སྐབས་འདིའི་མཚོ་སྐོར་འགྲན་སྡུར་གྱི་གྲ་སྒྲིག་བྱ་བ་ཁྱོན་ཡོངས་ནས་འགོ་ཚུགས་པ་དང་བསྟུན། རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་རིམ་པ་སོ་སོའི་གྲ་སྒྲིག་བྱ་བ་བརྟན་འཇགས་ངང་སྐུལ་འདེད་བྱས་ཏེ། སྐབས་ཉི་ཤུ་པའི་མཚོ་སྐོར་འགྲན་སྡུར་གྱི་ཕེབས་བསུའི་བྱ་བར་རྨང་གཞི་བརྟན་པོ་ཞིག་བཟོ་རྒྱུ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། ཉེ་ལམ་རིམས་ནད་འཕར་བའི་རྒྱུ་རྐྱེན་གཏན་ཁེལ་མི་ཐུབ་པ་དེས། འགྲན་སྡུར་ལ་དཀའ་ཁག་ཆེན་པོ་ཞིག་བཟོས་ཡོད་པས། དུས་ལྟར་ཕྱོགས་སོ་སོའི་གནས་ཚུལ་ལ་དོ་ཁུར་བྱ་དགོས་ལ། འགྲན་སྡུར་རྩ་འཛུགས་ཐད་དུ་ཡང་གྲ་སྒྲིག་མང་པོ་ཞིག་བཟོ་དགོས་ཤིང་སྐབས་བསྟུན་གྱི་བྱེད་ཐབས་མང་པོ་ཞིག་ཀྱང་གཏན་འབེབས་བྱས་ཏེ། རིམ་པ་སོ་སོའི་བྱ་བའི་འགན་འཁྲི་དང་ལས་བགོས་རྩ་འཛུགས་སྔར་ལས་ཇེ་ལེགས་སུ་བཏང་ནས་སྡེ་ཁག་སོ་སོའི་མཐུད་སྦྲེལ་རྒྱུན་འཁྱོངས་བྱ་དགོས། རིམ་པ་སོ་སོའི་གྲ་སྒྲིག་བྱ་བ་ཧུར་ཐག་སྒོས་སྤེལ་ནས་མུ་མཐུད་དུ་འགྲན་ཞུགས་ལྕགས་རྟའི་རུ་ཁག་ཕན་ཚུན་བར་གྱི་འབྲེལ་གཏུག་ཡང་རྒྱུན་འཁྱོངས་བྱས་ནས། དུས་ལྟར་འགྲན་ཞུགས་རུ་ཁག་དང་རུ་ཁག་སོ་སོ་སྡོད་སའི་རྒྱལ་ཁབ་དེའི་རིམས་ནད་གནས་བབ་སོགས་ཀྱི་གནས་ཚུལ་མཐའ་དག་ཁོང་དུ་ཆུད་པ་བྱ་དགོས། རྒྱལ་སྤྱིའི་ལྕགས་རྟ་མཐུན་ཚོགས་ཀྱི་གཏན་འབེབས་གསར་པའི་བླང་བྱ་གསལ་བོར་ཤེས་དགོས། འགྲན་སྡུར་ལམ་ཐིག་འཆར་འགོད་དང་ཡུལ་དངོས་ལྟ་ཞིབ་ཚད་ལེན་བྱ་དགོས། ཤན་འབྱེད་པ་དང་ཁ་ལོ་པ་སོགས་ཀྱི་འབྲེལ་ཡོད་གསབ་སྦྱོང་ཡང་དངོས་སུ་སྤེལ་དགོས་པ་བསྟན།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ལུས་རྩལ་ཅུའུ་ཡིས་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ལ་མཚོ་སྐོར་འགྲན་སྡུར་གྱི་ཆབ་སྲིད་ལངས་ཕྱོགས་མཐོར་འདེགས་དང་དྲིལ་སྒྲོག་ཇུས་གཞི་གཏན་འབེབས་བྱེད་པའི་བླང་བྱ་བཏོན། སྔ་མོ་ནས་གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་དང་འགྲན་སྡུར་བྱེད་སྒོ། མཇུག་བསྡུ་བའི་མཛད་སྒོ་བཅས་ལ་འཆར་གཞི་བཟོ་དགོས། དེ་ལས་གཞན་པའི་སྒྲིག་ཆས་བྱ་འགུལ་ཇུས་འགོད་དེ་ལས་ཁུངས་གཞན་དག་ལ་མཉམ་ལས་མཉམ་འབྲེལ་བྱེད་པའི་བླང་བྱ་བཏོན། རིམ་པ་སོ་སོའི་བྱ་འགུལ་ཇུས་འགོད་ཐད་ལ་སྔར་ལས་ལེགས་པོའི་གསར་གཏོད་ཅིག་བསྐྲུན། དེ་དང་ཆབས་ཅིག་ས་ཁུལ་སོ་སོའི་འགན་སྒྲུབ་སྲིད་གཞུང་གི་འབྲེལ་གཏུག་ལ་ཤུགས་བསྣན་ངང་དུས་ལྟར་འགྲན་སྡུར་གྲ་སྒྲིག་གནས་ཚུལ་ཁྱབ་སྒྲོག་བྱེད་པ། འགྲན་སྡུར་དོན་ཚན་གྱི་གྲ་སྒྲིག་བྱ་བ་ཡོད་ཚད་ཡོངས་ཁྱབ་མཐུད་སྦྲེལ་གྱིས་སྡེ་ཁག་སོ་སོའི་བར་ལ་དུས་ལྟར་རམ་འདེགས་བྱ་དགོས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།