རང་ཞིང་གིས2020ལོར་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གཏོད་པའི་བྱ་བའི་དཔྱད་ཞིབ་དངོས་སུ་བྱེད་འགོ་བརྩམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཉེ་དུས་རྒྱལ་ཁབ་ཀྱི་པུའུ་རིམ་པ་དང་ཞིང་ཆེན་གྱིས་མཚོ་སྔོན་གྱི་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་མཉམ་དུ་བཙུགས་ནས། 2021ལོའི་ཟླ་3པར་ཞིབ་དཔྱད་ཚོ་ཆུང་བཞི་འཛུགས་རྒྱུ་དང་གྲོང་ཁྱེར་དང་ཁུལ་སོ་སོ་ནས2020ལོའི་གཏོད་པའི་བྱ་བར་དཔྱད་ཞིབ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

པུའུ་དང་ཞིང་ཆེན་རིམ་པས་རྩ་འཛུགས་བྱས་པའི་མཚོ་སྔོན་གྱི་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ནས་མི་སྣ་སྐོང་འཐེན་བྱས་ཏེ་དཔྱད་ཞིབ་ཚོ་ཆུང་4བཙུགས་ཡོད་ལ། འཆར་གཞི་ལྟར་བྱས་ན་ཟླ3པའི་ཚེས8ནས་ཚེས19ཉིན་བར་མཇུག་བསྒྲིལ་རྒྱུ་ཡིན་ཞིང་། དེའི་རིང་སྙན་ཞུར་ཉན་པ་དང་། དཔྱད་ཡིག་ལ་ལྟ་བ། སྐབས་བསྟུན་ཟུར་བཤེར། ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས། བསམ་འཆར་ལྡོག་འདྲེན་སོགས་གོ་རིམ་ལྔ་གཞིར་བཟུང་སྟེ། རང་ཞིང་གི་གྲོང་ཁྱེར་དང་ཁུལ8ཀྱི2020ལོའི་གསར་གཏོད་བྱ་བར་དཔྱད་ཞིབ་བྱ་རྒྱུ་དང་། དཔྱད་ཞིབ་ཀྱི་ནང་དོན་ལ“གཏན་འབེབས་ལག་ལེན”ཡོད་ལ“རང་འདེམས་ལག་ལེན”ཀྱང་ཡོད་པ་དེའི་དམིགས་ཡུལ་ནི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་སོ་སོའི་གསར་གཏོད་བྱ་བར་མུ་མཐུད་ཤུགས་བརྒྱབ་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏང་རྒྱུ་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2020ལོར། མཚོ་སྔོན་འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་རྒྱག་གི་བྱ་བའི་དཔྱད་འཇོག་དམིགས་ཚད་མ་ལག་ལ་རིམ་པ་དང་པོའི་དཔྱད་ཞིབ་དམིགས་ཚད་ཁག10དང་རིམ་པ་གཉིས་པའི་དཔྱད་ཞིབ་དམིགས་ཚད་ལ་ཁག18། དེ་བཞིན་སྐར་གྲངས་དཔྱད་བསྡུར་ཚད་གཞི་ཁག52བཅས་བཀོད་སྒྲིག་བྱས་པར་ལས་ཁུངས་མང་པོ་དང་ཕྱོགས་མང་པོའི་བྱ་བར་ཚུད་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།