མཚོ་སྔོན་གྱི་ཕྲུ་སློག་ཚོང་རྟགས་བཞི་རྒྱལ་ཁབ་རིམ་པའི་ཚད་གཞིར་སླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་གྱི་ཕྲུ་སློག་རྩ་འཛུགས་ཀྱིས་སྙན་སེང་ཞུས་པའི་མཚོ་སྔོན་ཞིང་ཆེན་ཆུ་གསུམ་ཝའེ་སི་ཏུན་ཞོག་ཁོག་བཟོ་ལས་སྡེ་ཤོག་ཚད་ཡོད་ཀུང་སིའི“ཝའེ་སི་ཏུན”དང་། མཚོ་སྔོན་བུད་ཤིང་ཕྲུ་སློག་གསར་སྦོལ་བ་ཡན་ཆུའི་ཞིང་ར་ཚད་ཡོད་ཀུང་སིའི“ཁྲེན་ཡུས”སོགས་ཞིང་ལས་ཐོན་རྫས་ཚོང་རྟགས་གཉིས་དང་མཚོ་སྔོན་ཞིང་ཆེན་དབྱིན་ཏེར་ལུག་རྒྱུད་ཚད་ཡོད་ཀུང་སིའི“དབྱིན་ཏེར”། མཚོ་སྔོན་བུད་ཤིང་ཕྲུ་སློག་གསར་སྦོལ་མའོ་ཧི་རྔ་མོང་གསོ་སྤེལ་ཚད་ཡོད་ཀུང་སིའི“མའོ་ཧི་རྔ་མོང་།”སོགས་ཞིང་ལས་ཁེ་ལས་ཚོང་རྟགས་གཉིས་བཅས་རྒྱལ་ཡོངས་ཕྲུ་སློག་ཚོང་རྟགས་ཀྱི་སྐོར་ཁག་གཉིས་པའི་མིང་ཐོར་ཚུད།

ཤེས་གསལ་ལྟར་ན། འདི་ནི་མཚོ་སྔོན་ཞིང་ཆེན་ཕྲུ་སློག་ཚན་པས་ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི《ས་རྒོད་བཅོས་སྒྱུར་གོང་སྤེལ་ལ་སྔར་ལས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང《རྒྱལ་ཁབ་ཀྱི་རྒྱུ་སྤུས་ཅན་གྱི་ཞིང་ལས་དར་སྤེལ་འཐབ་ཇུས་འཆར་འགོད(2018-2022)》ཁྲོད“ཀྲུང་གོའི་ཕྲུ་སློག་རྒྱུ་སྤུས་གཙོ་བྱས་པའི་ཞིང་ལས་ཐོན་རྫས་ཚོང་རྟགས་སྐོར་ཞིག་གསར་དུ་བཟོས་ནས་ཀྲུང་གོའི་ཕྲུ་སློག་སྤྱི་གཞུང་ཚོང་རྟགས་ལེགས་པོར་སྐྱོང་བའི”བླང་བྱ་ལག་བསྟར་དོན་འཁྱོལ་དང་། ཞིང་ཆེན་ཡོངས་ཀྱི་ཕྲུ་སློག་ཚོང་རྟགས་དར་སྤེལ་ལ་སྔར་ལས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ཕྲུ་སློག་བཅོས་སྒྱུར་གོང་སྤེལ་བྱ་བ་ལས་ཀུན་གྱི་གཙིགས་སུ་བཟུང་སྟེ་འཆར་འགོད་ཞིབ་མོ་བཟོས་ཤིང་སྐུལ་འདེད་ཤུགས་ཆེན་བྱས། ལྷག་པར་ཕྲུ་སློག་བཅོས་སྒྱུར་གཏིང་ཟབ་བྱ་བ་དེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཐབས་དང་།  ཕྲུ་སློག་གི་ནང་རྐྱེན་སྒུལ་ཤུགས། འཕེལ་རྒྱས་ཀྱི་དངོས་ཤུགས་ཆེ་རུ་བསྐྱེད་པའི་བྱེད་ཐབས་གལ་ཆེན་དང་གནད་ཀྱི་གཙོ་བོར་བཟུང་བས་གྲུབ་འབྲས་མི་དམན་པ་བླངས།  དེ་ལས་ཞིང་ཆེན་ཆུ་གསུམ་སྡེ་ཤོག་དང་མཚོ་ནུབ་ཁུལ་མའོ་ཧི་རྔ་མོང་གསོ་ར་སོགས་རྒྱལ་ཁབ་རིམ་པའི་ཞིང་གྲོང་ཐོན་ལས་མཉམ་སྤེལ་དཔེ་སྟོན་གླིང་དང་རྟ་ཐང་གི་ནོར་ནག ཚྭ་འདམ་གྱི་འཕང་འབྲས། ཚྭ་ཁའི་ལུག་ཤ “ཆི་ཧུང”རྟགས་ཅན་གྱི་འཕང་འབྲས་དཀར་ནག “ཧན་ཧའེ་ལུའུ་ཁང”ལི་གྲོ་སོགས་ཞིང་ཆེན་རིམ་པའི་ཕྲུ་སློག་ཚོང་རྟགས་སྐོར་ཞིག་གསོ་སྐྱོང་བྱས་པའི་ཁྲོད་དུ། “ཚྭ་ཁའི་ལུག་ཤ”ལ་མཚོ་སྔོན་ཞིང་ཆེན་རིམ་པའི2020ལོའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་མཚན་སྙན་ཐོབ་པ་དང་།  ཞིང་ཆེན་རྒྱ་མདོའི་རྟ་གསོ་ར་བ་དང་། ཞིང་ཆེན་ཟུར་གསུམ་གྲོང་ལུག་སྤེལ་ར་བ་སོགས་རྒྱལ་ཁབ་རིམ་པའི་ཕྲུ་སློག་གི་དེང་རབས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཚད་གཞི་ལྡན་པའི་དཔེ་སྟོན་ར་བ་གསར་འཛུགས་བྱས། ན་གོར་མོ་ས་རྒོད་སྡེ་ཤོག་དང་།བ་ཡན་ཆུའི་ཞིང་ར་ཚད་ཡོད་ཀུང་སི་སོགས“མཚོ་སྔོན་རྟགས་ཅན”གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་དང་། འཚེ་མེད་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་སོགས་སྐོར་ཞིག་གསར་བཟོ་བྱས། 2019ལོར་མའོ་ཧི་རྔ་མོང་གསོ་སྤེལ་ར་བ་རྒྱལ་ཡོངས་ཀྱི་ཞིང་གྲོང་ཡུལ་སྐོར་གཙོ་གནད་གྲོང་ཚོར་བདམས་པ་རེད།

དུས་ད་ལྟ་སྟེ“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་དང་ལོ་བརྒྱའི་འབད་འཐབ་ཀྱི་དམིགས་འབེན་གཉིས་པ་འགོ་རྩོམ་པའི་ལོ་འདི་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྲུ་སློག་ཚོང་རྟགས་“རྒྱལ་ཁབ་ཀྱི་དཔུང་སྡེ”ཁྲོད་ཚུད་པ་ནི་ཞིང་ཆེན་ཡོངས་ཀྱི་ཕྲུ་སློག་ཁེ་ལས་ཀྱིས་དེང་རབས་ཞིང་ལས་གོང་སྤེལ་གྱི་འགོ་ལེགས་པོར་རྩོམ་པའི་སྒུལ་ཤུགས་དང་། རྒྱལ་ཁབ་ལ་དབང་བའི་ཞིང་ལས་དཔལ་འབྱོར་གྱི་རྐང་འཛིན་དང་སྣེ་འཁྲིད་ཀྱི་དགེ་མཚན་འདོན་སྤེལ་བཟང་བོ། ཕྲུ་སློག་གི་དེང་རབས་ཞིང་ལས་གོང་སྤེལ་ལ་མགྱོགས་པོར་སྐུལ་འདེད་བཅས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་རེད།

ཁོན་ཐར་འཚོས་བསྒྱུར།