རྩལ་ནུས་གསོ་སྦྱོང་ཤུགས་སྣོན་གྱིས། ལས་ཞུགས་ནུས་པ་ཆེ་རུ་བཏང་།

——ཐུན་ཏེ་རྫོང་རྨ་བྱང་ཁྲིམས་འཛིན་ཁང་གིས་བཀོད་སྒྲིག་རོགས་སྐྱོར་མི་སྣ་རྩ་འཛུགས་བྱས་ནས་ཀྲུང་ལུགས་གཡོས་སྦྱོར་རྩལ་ནུས་གསོ་སྦྱོང་ཁྲོད་ཞུགས་པ།

ཁོངས་གཏོགས་ས་ཁུལ་གྱི་བཀོད་སྒྲིག་རོགས་སྐྱོར་མི་སྣའི་ལག་རྩལ་ནུས་པ་ཆེ་རུ་གཏོང་བ་དང་། སློབ་གསོའི་རོགས་སྐྱོར་བྱ་བའི་ཕན་འབྲས་ཆེ་རུ་བཏང་སྟེ་ཁོ་ཚོ་སྤྱི་ཚོགས་ནང་སྔར་བས་མཉམ་འདྲེས་ཐུབ་པ་བཅས་བྱ་ཆེད། རྫོང་ཁྲིམས་འཛིན་ཅུས་ཀྱིས་རང་འགུལ་ངང་རྫོང་ལས་ཞུགས་ཞབས་ཞུ་ཅུས་དང་སྦྲེལ་མཐུད་མཐུན་སྦྱོར་བྱས་པ་དང་། རྨ་བྱང་ཁྲིམས་འཛིན་ཁང་གིས་ཁོངས་གཏོགས་ཀྱི་བཀོད་སྒྲིག་རོགས་སྐྱོར་མི་སྣ་རྩ་འཛུགས་བྱས་ནས་གསོ་སྦྱོང་འཛིན་གྲྭར་ཞུགས།

ཟླ་2ཚེས་26ཉིན། གསོ་སྦྱོང་འཛིན་གྲྭ་དེ་ནི་རྫོང་ལས་ཞུགས་ཞབས་ཞུ་ཅུས་ཀྱིས་གཙོ་གཉེར་དང་།མཚོ་ལྷོ་ཁུལ་ཧུང་ཅིན་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭས་འགན་སྒྲུབ་བྱས་པའི་ཀྲུང་ལུགས་གཡོས་སྦྱོར་རྩལ་ནུས་ཆེར་གཏོང་གསོ་སྦྱོང་འཛིན་གྲྭའི་མཛད་སྒོ་དེ་རྨ་བྱང་ཞང་གསེར་ཐང་སྡེ་བར་དངོས་སུ་སློབ་འགོ་ཚུགས་པ་རེད།

གསོ་སྦྱོང་སྐབས་སུ་དགེ་རྒན་གྱིས་གཞུང་ལུགས་གསལ་བཤད་དང་ལག་ལེན་དངོས་སྦྱོང་ཟུང་འབྲེལ་བྱེད་པའི་བྱ་ཐབས་བརྒྱུད་སློབ་མ་ཚོར་བཟའ་བཅའི་རྒྱུ་ཆ་འདེམས་པ་དང་བྲོ་རྫས་སྡེབ་སྦྱོར་སོགས་ཁྲིད་སྟོན་ཞིབ་ཕྲ་བརྒྱབ་པ་རེད། དེ་རྗེས་དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་མ་ཚོས་དགེ་རྒན་དང་མཉམ་དུ་ཚལ་གཏུབ་པ་དང་རླངས་བཙོས་བརྔོས་བསྲེགས་སོགས་ཀྱི་རྩལ་ནུས་སྦྱངས་ནས་དྲི་ཞིམ་ལྡན་པའི་ཞིམ་ཟས་ཤིག་བཤམས་པ་རེད། དུས་མཚུངས་སུ་སློབ་མ་ཚོས་ཕན་ཚུན་གཞོགས་འདེགས་ཀྱིས་སློབ་སྦྱོང་ནན་ཏན་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ཏེ་རྩལ་ནུས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག་ཚོགས་པའི་མཉམ་ལས་ཀྱི་འདུ་ཤེས་ལའང་ཤུགས་སྣོན་བརྒྱབ་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་ནི་རྨ་བྱང་ཁྲིམས་འཛིན་ཁང་གིས་བཀོད་སྒྲིག་རོགས་སྐྱོར་མི་སྣར་དཀའ་སྐྱོར་རོགས་རམ་སློབ་གསོའི་ལས་འགན་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལྡན་པའི་འཚོལ་ཞིབ་ཅིག་ཀྱང་ཡིན་པས། བཀོད་སྒྲིག་རོགས་སྐྱོར་མི་སྣར་ཞབས་ཞུའི་ལས་སྟེགས་ཤིག་བཏོད་དེ་ལས་ཞུགས་རྩལ་ནུས་སྔར་བས་མཐོ་རུ་གཏོང་བ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། བསྐྱར་དུ་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།

གསར་འགོད་པ། ཚེ་རིང་འབུམ།