རྨ་ལྷོ་ཁུལ་གྱི་ལས་འཁྱུར་ལས་བྱེད་པ་བསོད་ནམས་ཚེ་རིང་རྒྱལ་ཡོངས་ཀྱི་ལས་གནས་ཁྲོད་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་མཁན་དུ་བདམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། ཀྲུང་གུང་དྲིལ་སྒྲོག་པུའུ་ཡིས་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་དཔེར་མཚོན་དང་ལས་གནས་ཁྲོད་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་མཁན་གྱི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་བརྡ་འཕྲིན་ཞིབ་འཇུག་སའོ་ཚད་ཡོད་ཀུང་སིའི་ཚན་རྩལ་སྟེགས་བུའི་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཁིས་སིན་ཡུལ་ཚོའི་སྲིད་གཞུང་གི་ལས་འཁྱུར་ལས་བྱེད་པ་བསོད་ནམས་ཚེ་རིང་མིང་ཐོའི་ཁྲོད་ཚུད་ཡོད།

ཚན་རྩལ་སྟེགས་བུའི་ཞབས་ཞུ་ལྟེ་གནས་ནི་ཟི་ལིང་གྲོང་ཁྱེར་གྱི་ཤམ་བྷ་ལ་དང་མཚོ་གསར་ཁྱིམ་གཞིས་སོགས་གཞིས་ཁུལ་དང་འཕྲུལ་ཤེས་བདེ་ཐང་གཞིས་ཁུལ་འཛུགས་སྐྲུན་གྱི་གཞི་གྲངས་ཆེན་མོའི་ཞབས་ཞུའི་སྟེགས་བུ་ཡིན་ལ། གཞིས་ཁུལ་གྱི་སྡོད་དམངས་དག་ལ་བདེ་ཐང་རྨང་གཞིའི་བརྡ་འཕྲིན་གྱི་ལྟ་སྐུལ་ཚད་ལེན་ཞིབ་བཤེར་རིན་མེད་སྒོས་སྤེལ་བཞིན་ཡོད། དྲོད་ཁོལ་སྦྱིན་པའི་སྤྱི་ཕན་བྱ་འགུལ་སྤེལ་བ་བརྒྱུད་ཟླ་རེར་ཟི་ལིང་གྲོང་ཁྱེར་གྱི་བྱིས་པའི་ཀུན་ཕན་གླིང་སོ་སོར་སྔོ་ཚོད་དང་ཤིང་ཏོག་གསར་པ་སྐྱེལ་བཞིན་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་ལྟེ་གནས་དེས་མགྱོགས་མྱུར་སྒོས་བྱ་འགུལ་སྤེལ་བ་བརྒྱུད། མང་ཚོགས་ལ་རྒྱ་བོད་སྐད་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བརྡ་འཕྲིན་སྐུལ་སྤེལ་སྒོས་ལའེ་ཧྥུན་གྱི་དེང་རབས་ཁྱད་ཆོས་ལྡན་པའི་སྙིང་སྟོབས་མངོན་དུ་བཅུག་ཡོད།

བསོད་ནམས་ཚེ་རིང་ནི་ལས་འཁྱུར་ལས་བྱེད་པ་ཞིག་ཡིན་ལ། དུས་ཡུན་རིང་བོར་ནད་ཀྱི་དཀའ་ཁག་གིས་འཁོས་ཞན་དུ་སོང་བའི་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་འོག ལོ་འདི་དག་གི་རིང་ཁོས་དབུལ་ཕོངས་སློབ་མ་དང་སློབ་ཁྲིད་བྱེད་ཡུལ། དབང་སྐྱོན་མི་སྣ་སོགས་ལ་ཞལ་འདེབས་བྱ་དངོས་ཀྱི་རིན་ཐང་སྒོར་ཁྲི78ལ་ཉེ་བ་གནང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཟོན་འོག་ཁོས་ཏང་རྩ་འཛུགས་ལ་སྒོར་ཁྲི11གི་དམིགས་གསལ་ཏང་དངུལ་སྤྲད། དངོས་ཡོད་ལག་ལེན་ལ་བརྟེན་ནས་ལའེ་ཧྥུན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས། ཐེངས་འདིའི་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེར་སྟོན་གནད་དང་ལས་གནས་ཁྲོད་ཀྱི་ལའེ་ཧྥུན་དམག་མིར་ཁྱོན་བསྡོམས་མི་སྣ50ཡོད་ལ། སོ་སོའི་ལས་རིགས་དང་ལས་རྐང་མི་འདྲ་ཞིང་། ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་ལམ་ཐིག་ཡང་མི་འདྲ་བས། ཁེ་ལས་དང་གྲོང་གསེབ། ལས་ཁུངས། སློབ་གྲྭ། གཞིས་ཁུལ། སྨན་ཁང་སོགས་གཞི་རིམ་ལས་ཁུངས་དག་གིས་པྲོག་གསར་གློ་ཚད་རིམས་འགོག་དང་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཁྲོད་བྱས་རྗེས་འབུར་ཐོན་ལེན་པའི་སྔོན་ཐོན་མིག་དཔེ་ཡིན། ཁོ་ཚོ་ཚང་མ་ལའེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་གཏོང་མཁན་དང་རླབས་ཆེ་བའི་དུས་རབས་འཛུགས་སྐྲུན་ལ་བྱས་རྗེས་ཆེ་བའི་ཕུལ་བྱུང་འཐུས་ཚབ་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དཔེར་མཚོན་ངོ་མ་ཡང་ཡིན།

ཀྲུང་གུང་དྲིལ་སྒྲོག་པུའུ་ཡིས་ས་ཁུལ་སོ་སོའི་སྡེ་ཁག་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། “འདུ་ཤེས་བཞི”མཐོར་འདེགས་སུ་གཏོང་བ་དང “ཡིད་རྟོན་བཞི”བརྟན་སྲུང་བྱེད་པ། “འགེབས་སྲུང་གཉིས”ལེགས་པོར་བསྒྲུབ་ནས། སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེར་སྟོན་དང་ལས་རྐང་ཁྲོད་ཀྱི་ལའེ་ཧྥུན་དམག་མིའི་གོ་སྐབས་དམ་འཛིན་སྒོས། གསར་སྐྲུན་བརྟན་སྲུང་རྒྱུན་འཁྱོངས་ངང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཏན་ཏིག་ངང་སྤེལ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཚད་གཞི་མུ་མཐུད་དུ་མཐོར་འདེགས་སུ་བཏང་སྟེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ལས་འགན་གསར་པ་ལ་སྙིང་སྟོབས་ཀྱི་སྟོབས་ཤུགས་འདོན་སྤེལ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།