མཚོ་སྔོན་སྤོ་སྒུལ་ཀུང་ཟིའི་ལས་བཟོ་པ་རྡོ་རྗེ་ཚེ་བརྟན་ལ་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་དེ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས་པ་རེད། སྨིན་ཐང་སྡེ་བའི་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་མཚོ་སྔོན་སྤོ་སྒུལ་ཀུང་ཟིའི་ལས་བཟོ་པ་རྡོ་རྗེ་ཚེ་བརྟན་ལ་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་པ་རེད།

རྡོ་རྗེ་ཚེ་བརྟན། ཕོ། བོད་རིགས། 1979ལོའི་ཟླ3པའི་ནང་སྐྱེས། ཀྲུང་གུང་ཏང་ཡོན། མཚོ་སྔོན་སྤོ་སྒུལ་མགོ་ལོག་ཡན་ལག་ཀུང་སིའི་ལས་བཟོ་པ། 2018ལོའི་ཟླ6པར། མགོ་ལོག་སྤོ་སྒུལ་གྱིས་འོས་སྦྱོར་བརྒྱུད་རྩ་འཛུགས་ཀྱིས་འདེམས་མངགས་སྒོས་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོ་སྨིན་ཐང་སྡེ་བའི་དབུལ་སྐྱོར་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར། ལོ3གྱི་རིང་ལ་ཁོས་བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་ནས་རང་འགུལ་སྒོས་ཕར་རྒོལ་དང་ཧུར་ཐག་གི་བྱ་སྤྱོད་ལ་བརྟེན་ནས། མང་ཚོགས་ལ་ཤེས་འཇོན་གྱི་རོགས་སྐྱོར་ལེགས་པོར་སྒྲུབ་པ་དང་། དོན་དངོས་ཐོག་རྩ་བའི་ཆ་ནས་ས་གནས་མང་ཚོགས་ཀྱི་སྒུག་པ་དང་བརྟེན་པ། མཁོ་པ་བཅས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་དུ་བཅུག མང་ཚོགས་ཀྱི་ཡོང་སྒོ་རྒྱ་སྐྱེད་དང་ཡིག་ཚགས་བཟོས་པའི་དབུལ་ཁྱིམ་དང་འབྲོག་པའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་མཐོར་འདེགས་སུ་བཏང་། དེར་མ་ཟད་སྔོན་ཐོན་གྱི་རྩྭ་འདེབས་ལག་རྩལ་ནང་འདྲེན་སྒོས་ཞིང་བ་དག་གི་ངལ་རྩོལ་ཕན་འབྲས་མཐོར་འདེགས་ངང་སྡེ་བ་ཧྲིལ་བོའི་མང་ཚོགས་ཀྱི་ཧུར་བརྩོན་བརྒྱུད་སྡེ་བ་ཧྲིལ་བོ་དབུལ་ཐར་ཕྱུག་འགྱུར་བྱུང་དུ་བཅུག་ཡོད།

ཁོ2018ལོར་སོ་སོར་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ། 2018ལོ་ནས2019ལོའི་བར་གྱི་བསྟུད་མར་ལོ་ངོ་གཉིས་ཀྱི་རིང་ལ་གཅིག་སྒྲིལ་རྫོང་གི་ཕུལ་བྱུང་ཧྲུའུ་ཅི་དང་པོར་བདམས། 2020ལོར་ཀྲུང་གོ་སྤོ་སྒུལ་ཀུང་ཟིའི་སྐབས་གསུམ་པའི་ཆེས་མཛེས་པའི་སྤོ་སྒུལ་མི་སྣའི་མཚན་སྙན་ཐོབ། 2020ལོའི་ཟླ12པའི་ནང་མཚོ་སྔོན་ཞིང་ཆེན་གྱི་མི་སྣ་བཟང་པོར་འོས་སྦྱོར་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།