ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བློ་བརྟན་འགྱུར་མེད་སྒོས་སྤུས་མཐོ་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ་དམངས་འཚོ་ཇེ་སྐྱིད་དུ་གཏོང་དགོས་པར་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས7གྱི་ཕྱི་དྲོར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། སྤུས་མཐོ་འཕེལ་རྒྱས་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ཙམ་མ་ཡིན་པར། དུས་ཡུན་རིང་བོར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་བརྗོད་གཞི་ཞིག་ཀྱང་ཡིན། དེ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཕྱོགས་ཡོངས་དང་འབྲེལ་ཡོད། སྤུས་མཐོ་འཕེལ་རྒྱས་ནི་དཔལ་འབྱོར་ཁོ་ནའི་བླང་བྱ་ཙམ་མིན་པར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་སྤྱིའི་བླང་བྱ་ཡིན། དེ་ནི་དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ཁོ་ནའི་བླང་བྱ་ཙམ་མིན་པར། ས་ཁུལ་ཚང་མ་འཕེལ་རྒྱས་སུ་འགྲོ་བར་ངེས་པར་དུ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་ཞིག་ཡིན། སྐབས་འཕྲལ་གྱི་དོན་བྱ་རེ་ཟུང་གི་བླང་བྱ་ཙམ་མིན་པར། ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་ཞིག་ཡིན། ས་ཁུལ་སོ་སོས་དངོས་ཡོད་གནས་ཚུལ་དང་ཟུང་དུ་འབྲེལ་ཏེ། ཡུལ་བབ་དང་བསྟུན་ནས་དགེ་སྤེལ་སྐྱོན་སེལ་སྒོས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་དང་འཚམ་པའི་སྤུས་མཐོ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་ནམ་ཡང་སེམས་ལ་བཅངས་ཤིང་དམངས་འཚོ་ཕྱུག་འགྱུར་གྱི་གོམ་སྟབས་ཇེ་བརྟན་དང་། སྤུས་མཐོ་འཕེལ་རྒྱས་དེ་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རེ་སྙེག་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དམིགས་བསལ་སྒོས་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་དང་། སྤུས་མཐོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་མཐོ་འཚོ་བ་ཟུང་འབྲེལ་དང་གསར་སྐྲུན་བྱས་ཏེ། ཕན་ཚུན་བར་འབྲེལ་མཐུད་གང་ལེགས་བྱེད་དགོས།

གྲོས་ཞིབ་སྟེང་། ཝང་ཅན་ཅུན་དང་ཨ་ཧྲིན་ཆིན། ཁུང་ཆིན་ཅུའུ། བཀྲ་ཤིས་རྡོ་རྗེ། མེང་ཧེ། ཧྲ་ཧྥིན་སོགས་འཐུས་མི་དྲུག་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་། མདོ་ལ་རི་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཡུལ་ཤུལ་གྱི་གནོད་ཐེབས་བསྐྱར་སྐྲུན་གྱི་འགྱུར་ལྡོག་གསར་བ། མུ་རིའི་རྡོ་སོལ་གཏེར་ཁ་ཕྱོགས་བསྡུས་བཅོས་སྐྱོང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནད་དོན་ཐད་རང་ཉིད་ཀྱི་བསམ་ཚུལ་བརྗོད། ཞི་ཅིན་ཕིང་གིས་ཉན་ཞོར་དུ་ཟིན་བྲིས་འགོད་བཞིན་འདྲི་རྩད་མང་བོ་བྱས་ཏེ་འཐུས་མི་རྣམས་དང་གླེང་མོལ་བྱས།

ཞི་ཅིན་ཕིང་གིས་འཐུས་མི་རྣམས་ཀྱི་སྙན་ཞུ་ལ་ནན་ཏན་སྒོས་གསན་རྗེས་གཏམ་བཤད་གནང་། ཁོང་གིས་མཚོ་སྔོན་གྱི་ལོ་གཅིག་གི་བྱ་བ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་ལ་གདེང་འཇོག་ཚད་མཐོན་པོ་གནང་ཞིང་། མཚོ་སྔོན་གྱི་བློ་མཐུན་ཚོས་ཕྱོགས་ཡོངས་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐ་དག་ལག་བསྟར་དོན་འཁྱོལ་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་ལྟེ་བར་འཛིན་པ་དང་བརྟན་བརླིང་གིས་འཕེལ་རྒྱས་འགྲོ་བའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་དུ་གཏིང་ཟབ་སྒོས་ལག་བསྟར་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་ཇུས་འགོད་བྱེད་པ། སྲོལ་རྒྱུན་བཟང་བོ་དང་འབད་འཐབ་ཀྱི་སྙིང་སྟོབས་གོང་སྤེལ་གཏོང་བ། སྐྱེ་ཁམས་ཁོར་ཡུག་དམིགས་བསལ་སྒོས་སྲུང་སྐྱོབ་བྱེད་པ་དང་།སྤུས་མཐོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུད་མཐོ་འཚོ་བ་གསར་སྐྲུན་བྱེད་པའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཐད་མུ་མཐུད་དུ་གྲུབ་འབྲས་གསར་བ་བླངས་ཏེ། དུས་རབས་གསར་བའི་ནང་མཚོ་སྔོན་གྱི་ལེའུ་གསར་བའི་མགོ་རྩོམ་དགོས་པའི་བླང་བྱ་བཏོན།

ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་རྐང་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྐྲུན། སྤུས་མཐོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ནི། མིག་སྔར་དང་མ་འོངས་པའི་དུས་སྐབས་རིང་བོར་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ངེས་པར་དམ་འཛིན་བཟང་པོ་བྱེད་དགོས་པའི་ལས་དོན་ཞིག་ཡིན་པར་ནན་གྱིས་བསྟན་པ་མ་ཟད། སྤུས་མཐོ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་པ་དང་། གསར་གཏོད་དང་མཐུན་སྦྱོར་དང་ལྗང་མདོག སྒོ་དབྱེ་དང་མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས། མཚོ་སྔོན་གྱི་ལེགས་ཆ་དང་ཐོན་ཁུངས་ཟུང་འབྲེལ་སྒོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་སྒོས་བསྐྲུན་ནས། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་འཛུགས་སྐྲུན་དང་། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་བཙུགས་ནས། ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས་པར་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་རྒྱུན་མཐུད་ངང་མི་རིགས་འཕེལ་རྒྱས་གཏོང་བར་འགན་འཁྲི་གལ་ཆེན་འཁུར་ཡོད་པས། ངེས་པར་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་ཀྱི་འགན་འཁྲི་གལ་ཆེན་ཁུར་དགོས་པ་མ་ཟད། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁུར་དགོས། ལོ་འདི་དག་གི་རིང་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་འབད་བརྩོན་ཧ་ཅང་ཆེན་པོ་བྱས་ཡོད་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་ལ་ཕུགས་ཡུན་རིང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་བཞག་སྟེ་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་རང་རྟོགས་མངོན་དགོས། རྒྱལ་ཁབ་ས་ཁོངས་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་ཁྱབ་ཚུལ་ཇེ་ལེགས་སུ་གཏོང་བ་དང་། གཙོ་གཞིའི་བྱེད་ནུས་ཁུལ་གྱི་ཁྱབ་ཚུལ་དངོས་འབེབས་ནན་ཏན་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། མཐའ་གཅིག་ཏུ་སྐྱེ་ཁམས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྒྲིག་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པའི་ཐད་སྔོན་དུ་བསྐྱོད་དེ། རི་ལྗང་ཆུ་དྭངས་དེ་ནམ་ཡིན་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་སེམས་སུ་བསྒྱུར་ནས་མི་དམངས་དང་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་བསྐྲུན་དགོས་པར་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་དམངས་འཚོའི་ཞན་ཆ་ཁ་གསབ་བྱས་ཏེ། དམངས་འཚོའི་ཐད་ཀྱི་དཀའ་གནད་སེལ་རྒྱུ་དང་། དམངས་འཚོའི་མས་མཐའ་བརྟན་པོར་སྲུང་ནས། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས། རྒན་གསོ་དང་བྱིས་སྐྱོང་། སྡོད་ཁང་སོགས་ཀྱི་དམངས་འཚོའི་དོན་དངོས་ལེགས་པོར་སྒྲུབ་ཏེ། སྤྱི་བའི་ཞབས་ཞུའི་ཁྱབ་པའི་རང་བཞིན་དང་ཆ་སྙོམས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་སྡེའི་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ཐབས་ཇུས་ལག་བསྟར་བྱ་རྒྱུ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་མངོན་འགྱུར་བྱེད་དགོས་ཤིང་། གྲོང་སྡེའི་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་དང་། དཔལ་ཡོན་ཅན་གྱི་ཡུལ་སྲོལ་རིག་གནས་གསོ་སྐྱོང་བྱས་ནས། མཛེས་སྡུག་ལྡན་ཞིང་མི་ལ་འཚམ་པ་དང་། ལས་དར་མི་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་ཤུགས་སྣོན་པ་དང་། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ལ་དོན་བཟང་དང་དོན་དངོས་མང་པོ་སྒྲུབ་ནས་དཀའ་གནད་སེལ་བར་བྱེད་དགོས། རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་ཆེན་མོར་སྐུལ་འདེད་བཏང་སྟེ། མཉམ་དུ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་དགོས། སྤྱི་ཚོགས་བཅོས་སྐྱོང་བྱ་བར་ཤུགས་སྣོན་དང་གསར་གཏོད་བྱས་ཏེ། སྤྱི་བའི་བདེ་འཇགས་ཀྱི་འཕྲལ་བསྟུན་དང་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་ཐོག་ཏུ་རིགས་སོ་སོའི་ཉེན་ཁའི་རྐྱེན་ངན་སེལ་ནས་རྒྱལ་ཁབ་བདེ་འཇགས་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་དགོས་ཤིང་། ཏང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་བྱེད་ཐབས་གལ་ཆེན་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོའི་ལས་འགན་གལ་ཆེན་ཞིག་ནི་ཏང་ཡོངས་ཀྱི་བློ་མཐུན་གྱིས་བསམ་འདུན་དད་སེམས་འགྱུར་མེད་དང་ཐོག་མའི་བསམ་འདུན་བརྟན་པོར་འཛུགས་པར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ཟིན་པ་ལྟར། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནན་ཏན་སྒོས་དོན་འཁྱོལ་དངོས་འབེབས་དང་ཕན་འབྲས་དངོས་ཐོབ་པར་དམ་འཛིན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གོ་རིམ་ཁྲོད། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཕུགས་འདུན་དང་དད་སེམས་སྲ་བརྟན་དུ་གཏོང་བ་དང་། ཐོག་མའི་ཕུགས་འདུན་བརྟན་པོར་བཙུགས་ནས། འཐབ་རྩོད་བསམ་བློ་དང་འཐབ་རྩོད་ནུས་པ་ཇེ་མཐོར་གཏོང་དགོས་པ་མ་ཟད། གནས་བབ་རྙོག་འཛིང་གི་མདུན་ནས་ཁ་ཕྱོགས་མི་ནོར་བ་དང་དཀའ་སྤྱད་ཀྱི་འཐབ་རྩོད་ཁྲོད་དུ་དཔའ་མི་ཞུམ་པ་བྱེད་དགོས། སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་ཏུ་ན་གཞོན་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཅིའི་ཕྱིར་ནུས་པ་ལྡན་པ་དང་། མར་ཁེ་སིའི་རིང་ལུགས་ཅིའི་ཕྱིར་ལག་བསྟར་ཆོག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་སོགས་ཀྱི་རྩ་བའི་གནས་ལུགས་གསལ་བོར་ཤེས་རྟོགས་བྱས་ཏེ། བློ་བརྟན་འགྱུར་མེད་གྱིས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་རྗེས་སུ་འབྲང་ནས། ཕྱོགས་ཡོགས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་ལག་ལེན་ཁྲོད་བྱས་རྗེས་ཆེན་པོ་འཇོག་དགོས།

ཏིང་ཞུའེ་ཞང་དང་ཁྲིན་ཞི། ཡིའུ་ཆོན་སོགས་གྲོས་ཞིབ་ལ་ཞུགས། །