【ཡང་བསྐྱར་ལོ་བརྒྱའི་འབད་འབུངས་ཀྱི་ལམ་བུར་སྐྱོད་འགོ་བརྩམས་པ། 】རང་ཞིང་གི་རྩ་ཆེ་ལ་རྒྱུད་འཆད་ཉེན་ཡོད་པའི་རི་དྭགས་རྩ་ཆེན་རིགས་རིམ་བཞིན་འཕེལ་བ།

 

ཟླ2པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་ས་ཁོངས་སུ་བརྙན་དུ་བླངས་པའི་དགོ་བ།

ཡུལ་ཤུལ་རོང་པོ་ན་འདམ་དུ་བབས་པའི་ཁྲུང་ཁྲུང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3ཚེས3ཉིན་ནི་འཛམ་གླིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཉིན་མོ་ཡིན་ཞིང་། ད་ལོར་རང་རྒྱལ་གྱི་བརྗོད་བྱང་ལ“འཚེ་མེད་འཕེལ་རྒྱས་དར་སྤེལ་བཏང་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བྱེད”ཟེར་ཞིང་། འདས་པའི་ལོ་གཅིག་རིང་། རང་རེའི་ཞིང་ཆེན་གྱིས་ཁྲིམས་བཞིན་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སྲུང་སྐྱོབ་ས་ཁོངས་སོ་སོའི་བསྟི་གནས་གལ་ཆེན་གྱི་ཆ་ཚང་རང་བཞིན་དང་། གཉུག་མའི་རང་བཞིན། དེ་མིན་རི་སྐྱེས་རྩི་ཤིང་བཅས་ལ་སྲུང་སྐྱོབ་ཕན་ལྡན་བྱས་པར་གྲུབ་འབྲས་མངོན་གསལ་བླངས་པས། རྒྱུད་འཆད་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་གཏན་འཇགས་ངང་འཕར་སྣོན་བྱུང་ཡོད་པ་རེད།

རྒྱུད་འཆད་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེ་རིགས་སྲུང་སྐྱོབ་ཀྱི་བྱ་བའི་འཆར་འགོད་དེ《མཚོ་སྔོན་གྱི་གསའ་སྲུང་སྐྱོབ་འཆར་འགོད》དང་། 《མཚོ་སྔོན་ཞིང་ཆེན་དགོ་སྲུང་སྐྱོབ་འཆར་འགོད》བཅས་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་ཐོག་བསྒྲིགས་རྩོམ་མཛད་དེ། སླད་ཀྱི་ལོ་བཅུའི་རྗེས་ཀྱི་གསའ་དང་དགོ་བ་སྲུང་སྐྱོབ་ཀྱི་དམིགས་འབེན་དང་འོས་འགན་གཏན་ལ་ཕབ། འཆར་འགོད་ལྟར་ན། འབྱུང་འགྱུར་གྱི་ལོ་ངོ་བཅུའི་ནང་རང་ཞིང་གི་གསའ་དང་། དགོ་བ་སྲུང་སྐྱོབ་ཀྱི་ལས་དེ་ཐོག་མར་རིགས་དེ་ལ་རྟོག་ཞིབ་ཚད་ལེན་བྱེད་པ་ནས་རི་དྭགས་ཀྱི་བསྟི་གནས་སྲུང་སྐྱོབ་ལས་གཞི། རྒྱུད་སྤེལ་སྣ་མང་རང་བཞིན་སྲུང་སྐྱོང་། མིས་སྲུང་སྐྱོབ་དང་རྒྱུད་སྤེལ་ལས་གཞི། ཚན་ཞིབ་འཆར་འགོད་ལས་གཞི། དྲིལ་སྒྲོག་སློབ་གསོ་ལས་གཞི། སྡོད་ཁུལ་སྤྱི་དོམ་འཆར་འགོད་སོགས་སྲུང་སྐྱོང་ལ་ཤུགས་བསྣན་རྒྱུ་དང་། འཆར་འགོད་ཀྱི་དུས་སྐབས་ནང་སྔོན་ལ་སྲུང་སྐྱོང་མངའ་ཁོངས་ཀྱི་རི་དྭགས་གནས་ཡུལ་ལ་སྲུང་སྐྱོབ་བཟང་པོ་བྱས་ནས་རི་དྭགས་ཀྱི་རིགས་ཁྱུའི་ཁ་གྲངས་ཇེ་མང་དང་། ཅུང་ཆ་ཚང་བའི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་མིས་གསོ་སྤེལ་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་དང་གནད་འགག་གི་ལག་རྩལ་བཅས་ལ་ལོ་རྒྱུས་རང་བཞིན་གྱིས་ཐོད་བརྒལ་ཡར་ཐོན་འབྱུང་བར་བརྩོན་ལེན་བྱ་རྒྱུ་རེད།

ཞིང་ཆེན་དང་ཁུལ(གྲོང་ཁྱེར)རྫོང་བཅས་རིམ་པ་གསུམ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ། ཁྲིམས་འགལ་ཉེས་སྤྱོད་སྤེལ་མཁན་ལ་རྡུང་རྡེག་འགོག་ཟོན་བྱེད་མཁན་སྡེ་ཚན་བར་མཉམ་འབྲེལ་ལམ་ལུགས་དང་། རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཕྱོགས་ལ་ཁྲིམས་འཛིན་གསལ་འབྱེད་སྒྲིག་གཞི་བཅས་བཙུགས་ནས་སྒྲིག་འཛུགས་ཐོག་ཁྲིམས་འགལ་འགོག་ཟོན་དང་རྡུང་རྡེག་གི་ཆེད་དོན་བྱ་འགུལ་སྣ་ཚོགས་སྤེལ། འདིར་གླེང་འོས་བ་ནི“མི་དང་གཅན་གཟན་གདོང་ཐུག་པའི”གནད་དོན་ཐག་གཅོད་ལ་སྐུལ་འདེད་ཧུར་ཐག་བྱས་ཏེ། སྔ་གཞུག་ཏུ་ཆེད་མཁས་སྒྲིག་འཛུགས་བྱས་ནས“མི་དང་དྲེད་མོང་གདོང་ཐུག་བརྒྱབ་པའི”གནད་དོན་ལ་རྟོག་ཞིབ་བྱས་ཐོག མི་དྲེད་མོང་ལ་གདོང་ཐུག་པའི་ཉེན་ཁ་འགོག་ཟོན་ཀྱི་ཚོད་ལྟའི་རྣམ་གྲངས་ཐད་ལ་མ་དངུལ་ཁྲི110བརྩོན་ལེན་བྱས་ནས་གནོད་འཚེ་སྐྱིན་ཚབ་ཕྱོགས་ཀྱི་ཉེན་འགོག་འགན་ལེན་ཚོད་ལྟའི་ཚུལ་དུ་ལག་བསྟར་བྱས།

རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་ཟུང་དུ་སྦྲེལ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་ལ་མགྱོགས་པོར་སྐུལ་འདེད་བཏང་བ་དང་། སྐམ་སའི་རི་སྐྱེས་སྲོག་ཆགས་ཡོད་སར་སྲུང་སྐྱོབ་དང་དོ་དམ་བྱེད་ཐབས་བཙན་པོ་བཀོལ་ཏེ། རྒྱུད་འཆད་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་ལ་མྱུར་སྐྱོབ་ཚུལ་གྱིས་སྲུང་སྐྱོབ་བཟང་བོ་བྱས་ནས་སྲོག་སྐྱོབ་ལྟེ་གནས་འཛུགས་པའི་བྱ་བར་ཤུགས་བསྣན་པ་དང་། རྟོག་དཔྱོད་ཞིབ་འཇུག་སྔོན་དུ་བཏང་ནས་སྐམ་སའི་རི་སྐྱེས་སྲོག་ཆགས་དང་། རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་འཆར་འགོད་བཟོས་པ་དང་འབྲེལ་མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཏེ་རྒྱལ་ཁབ་གཞི་རྒྱུ་མཛོད་བྱ་བ་སྔོན་ལ་འཛུགས་ཐུབ་པར་སྐུལ་འདེད་བཏང་ནས་རྒྱུད་འཆད་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེ་རིགས་དང་དེའི་རྒྱུད་འཛིན་ཐོན་ཁུངས་གཙོར་བཟུང་ནས་སྲུང་སྐྱོབ་བྱས།

རང་ཞིང་གི་སྐྱེ་ཁམས་མ་ལག་རིགས་ཀྱི་འགྱུར་བ་རིམ་བཞིན་གཏན་འཇགས་དང་། ཆུ་ཁོངས་དང་ན་འདམ་གྱི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆེར་སོང་བ་དང་བསྟུན་ནས་ན་འདམ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་། དེ་བཞིན་དུ་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བཞིན་པ་ཡང་རི་རྒྱ་ཀླུང་རྒྱ་བསྡམས་ནས་རྩྭ་སའི་རྩི་ཤིང་གི་ཁེབས་རྒྱ་ཇེ་ཆེར་དང་། ཚབ་མཚོན་རང་བཞིན་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་ཇེ་མང་དུ་སོང་ནས་འཚོ་གནས་བར་སྟོང་དང་ཁ་ཟས་ཀྱི་ཕྱོགས་ནས་འགྱུར་བ་ཡག་པོ་བྱུང་། ལྷག་པར་རི་སྐྱེས་སྲོག་ཆགས་ཀྱི་ཁ་གྲངས་ཇེ་མང་དུ་སོང་ནས་རང་རེའི་ཞིང་ཆེན་གྱི་སྐྱེ་ཁམས་མ་ལག་སླར་གསོ་དང་རྒྱུན་འཛིན་ལ་ནུས་པ་གལ་ཆེན་ཐོན།

དུས་ད་སྔའི་བར་དུ། རང་རེའི་ཞིང་ཆེན་གྱི་རྒྱུད་འཆད་ཉེན་ཆེ་བའི་སྲོག་ཆགས་ཀྱི་རིགས་ཁྱུ་གཏན་འཇགས་ཁྲོད་ནས་ཇེ་མང་དུ་འཕེལ་ཡོད་ལ། དེའི་ནང་དུ་གཙོད་གྲངས་ཁྲི7ལྷག་དང་། དགོ་བ3000ལྷག་ལ་བསླེབས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར2དང་ཁུལ6ཏུ་གསའ་མཐོང་མཁན་མང་པོ་བྱུང་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།