རྒྱལ་ཡོངས་དབུལ་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་མཁན་རང་ཞིང་གི་གཟེངས་བསྟོད་ཐོབ་མཁན་ལ་བསྔགས་བརྗོད་ཐོབ་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ2པའི་ཚེས25ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ནང་ཞུགས་མཁན་གཟེངས་བསྟོད་ཐོབ་མཁན་རྣམས་པེ་ཅིང་ནས་བསྔགས་བརྗོད་ཐོབ་སྟེ་ཟི་ལིང་དུ་ཕྱིར་ལོག་བྱས་པ་རེད།

རྒྱལ་ཁབ་ཀྱི་མཚན་སྙན་ནི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་རེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་རབ་འོག་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དཔལ་མཁར་རྒྱལ་གྱིས་བཤད་རྒྱུར། “ཐེངས་འདིར་ང་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཡང་ཐོབ་བྱུང་།དེ་ནི་གཟི་བརྗིད་ཀྱི་མཚན་སྙན་ཞིག་ཀྱང་རེད། ཕྱིར་ལོག་བྱས་རྗེས་ངས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ཁྲོད་མུ་མཐུད་ཞུགས་ནས་ཚང་མ་འཁྲུག་ཆ་དོད་པའི་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ཡིན”ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་ནས་གཟེངས་བསྟོད་རྟགས་མ་ལེན་མཁན་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ལྔ་བཅུ་གྲོང་རྡལ་པན་ཡན་གྲོང་མིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་དོན་གསུམ་གྱིས་བརྗོད་ན་ད་ཐེངས་ཀྱི་ཚོགས་འདུར་ཞུགས་པའི་བརྒྱུད་རིམ་ནི་ཁོང་གི་མི་ཚེ་ཧྲིལ་པོར་བརྗེད་པར་དཀའ་བའི་རྩ་ཆེའི་དྲན་ཤེས་ཤིག་རེད། “པན་ཡན་གྲོང་ཚོའི་འཐུས་མི་ཞིག་ཡིན་པའི་ངོས་ནས་པེ་ཅིང་དུ་གཟེངས་བསྟོད་བྱེད་པར་ཡོང་ཐུབ་པས་ངའི་སེམས་པ་ཧ་ཅང་དགའ་པོ་འདུག གྲོང་ཚོར་ལོག་རྗེས་ངས་ཡུལ་མི་ཚོར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ཐོན་ལས་སྟོབས་ཆེར་བཏང་ནས་མཉམ་དུ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་མུ་མཐུད་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།

རྒྱལ་ཁབ་ཀྱི་མཚན་སྙན་གྱིས་བསམ་པའི་སྟོབས་ཤུགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། སྔོན་ཐོན་ཐུན་མོང་གི་འཐུས་མི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཁུན་མིང་གིས“དེ་རིང་ནང་ཆེན་རྫོང་འདི་ཉིད་སྔོན་ཐོན་ཐུན་མོང་ཞིག་ཡིན་པའི་ངོས་ནས་གཟེངས་བསྟོད་ཐོབ་པར་མ་ཟད།ད་དུང་ང་ཚོའི་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་དང་ཧྲུའུ་ཅི་དང་པོ་དེར་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་ཐོབ། དེ་ནི་ང་ཚོའི་ནང་ཆེན་རྫོང་གི་གཟི་བརྗིད་ཆེ་བའི་དུས་སྐབས་ཤིག་ཡིན་ལ།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལོ་མང་རིང་གི་དབུལ་ཐར་བྱ་བར་གདེང་འཇོག་བྱས་པ་ཞིག་ཀྱང་རེད། འབྱུང་འགྱུར་ང་ཚོས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་བྱ་བའི་ཁྲོད་ཞུགས་ནས་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མུ་མཐུད་འབད་འཐབ་བྱས་ཏེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

ཤ་མོ་འཚོས་བསྒྱུར།