ཉའོ་ཁྲེང་ཡུན་གྱིས་མཚོ་ཤར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཚོགས་འདུར་ཞུགས་མཁན་འཐུས་མིར་མཇལ་འཕྲད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། མཚོ་ཤར་གྲོང་ཨུའི་ཧྲུའུ་ཅི་ཉའོ་ཁྲེང་ཡུན་གྱིས་མཚོ་ཤར་གྱི་རྒྱལ་ཡོངས་དམངས་འཐུས་ཚོགསཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་ཉེར་ཡོད་པའི་རྒྱལ་ཡོངས་ དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མ་དབྱི་སི་ཕུའུ་དང་ཨ་ཧྲེང་ཆིང་དང་མཇལ་འཕྲད་གནང་།

ཉའོ་ཁྲེང་ཡུན་གྱིས་བཤད་རྒྱུར། ལོ་གཅིག་ཐེངས་གཅིག་གི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་མི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། རང་རེའི་གྲོང་ཁྱེར་གྱི་ངོས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ཚོགས་འདུར་ཞུགས་མཁན་གྲངས་ཉུང་མི་རིགས་ཀྱི་འཐུས་མི་གཉིས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡོད། འཐུས་མི་གཉིས་པོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་བཅངས་ནས་འགན་འཁྲི་ཡག་པོ་བསྒྲུབ་པ་དང་། འགན་འཁྲི་ཡག་པོ་འཁུར་བ། འཐུས་མི་ཡག་པོ་བྱེད་པ་བཅས་ཀྱི་རེ་བ་ཡོད་ཅེས་བསྟན་པ་རེད། འཚེ་མེད་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱེད་པ་དང་། གྲ་སྒྲིག་ཞིབ་ཚགས་བྱེད་པ། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་ནས་མཚོ་ཤར་གྱིས་རྨ་ཙོང་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་དར་སྤེལ་ཤུགས་ཆེན་གཏོང་བ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་སྙན་སེང་ཞུ་དགོས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་ནས། དཔྱིད་སྟོན་དུས་ཚིགས་གཉིས་ཀྱི་མི་ཁྲི་བརྒྱ་ཡི་འོས་འགན་ཤིང་འཛུགས་ནགས་བཟོའི“མཉམ་རུབ་དམག་འཐབ་ཆེན་པོ”དང་། སྦགས་བཙོག་འགོག་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཐོབ་པའི་སྙིང་རུས་ཀྱི་སྙན་ཞུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཕུལ་བ་དང་། མཚོ་ཤར་གྱིས་ཞིང་ལས་ཀྱི་རྨང་གཞིའི་གནས་བབ་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་སྒོས་འབྲུ་རིགས་བདེ་འཇགས་ལ་དམ་འཛིན་ནན་པོ་བྱས་ནས་མཚོ་སྔོན་གྱི“ཤ་ཚལ་སྒོང་གསུམ”གྱི་གནས་བབ་འགན་ལེན་བྱས་ཏེ་གྲ། ང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཡིད་ཆེས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་སྙན་ཞུ་ཕུལ་དགོས་པ་བསྟན།

ཉའོ་ཁྲེང་ཡུན་གྱིས་བཤད་རྒྱུར། འཐུས་མི་གཉིས་པོས་སྙན་ཞུ་དང་གྲོས་གཞི་སོ་སོར་ནན་ཏན་ངང་ཉན་པ་དང་གྲོས་ཞིབ་བྱས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་མཚོ་ཤར་དམངས་འཐུས་ཚོགས་ཆེན་འཐུས་མིའི་གཟུགས་བརྙན་གསར་པ་གཏོད་པ་དང་མཚོ་ཤར་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་བྱས་ནས། ཚོགས་ཆེན་གྱིས་དཀྲིས་པའི་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་དགོས་ཞེས་བསྟན་པ་རེད། དུས་མཚུངས་ཚོགས་འདུའི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་ལྷག་དོན་དུ་རིམས་ནད་འགོག་ཟོན་སྐོར་གྱི་བླང་བྱ་སོ་སོར་བརྩི་སྲུང་ནན་པོ་ཞུས་ནས་རང་ངོས་ཀྱི་བདེ་འཇགས་དང་ཚོགས་འདུའི་བདེ་འཇགས་འགན་ལེན་བྱ་དགོས། ཚོགས་འདུ་མཇུག་སྒྲིལ་རྗེས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་མཚོ་ཤར་དུ་འཁྱེར་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དེ་མཚོ་ཤར་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་བསྒྱུར་དགོས་པ་བསྟན།

 མཱ་དབྱི་སི་ཕུའུ་དང་ཨ་ཧྲེང་ཆིང་གིས་གྲོང་ཨུ་དང་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། རང་འགན་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་བ། ཁྱོན་ཡོངས་དང་། དྲང་བདེན། དོན་དངོས་དང་མཐུན་པ་བཅས་ཀྱི་སྒོ་ནས་དམངས་ཀྱི་བསམ་འདུན་མཚོན་པ་བཅས་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད། དེ་དང་ཆབས་ཅིག ཚོགས་འདུའི་དགོངས་དོན་མཚོ་ཤར་དུ་འཁྱེར་ནས་དུས་ཐོག་ཏུ་བརྒྱུད་སྒྲོག་ཡག་པོ་དང་། དྲིལ་སྒྲོག་ནན་ཏན། སྣེ་ཁྲིད་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་མཚོ་ཤར་གསར་པ་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་རེད།

གྲོང་ཁྱེར་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་རེན་ཅན་སུང་ཧྲན་མཇལ་འཕྲད་ནང་ཞུགས་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།