སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་ནས་མཚོ་སྔོན་ལ་སློབ་སྟོན་གལ་ཆེན་འདི་དག་གནང་ཡོད།

ཟླ3ཚེས7ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས་ཤིང་། ཚོགས་ཐོག་ཏུ་ཁོས་འཐུས་མི་རྣམས་ཀྱི་གྲོས་ཞིབ་ལ་ཉན་ཞིང་། མཚམས་རེར་སྐད་ཆ་དྲིས་ན་འཐུས་མིའི་བར་བགྲོ་གླེང་ཟབ་མོ་བྱས།


ཁོང་གིས། སྤུས་ལེགས་འཕེལ་རྒྱས་ནི་དཔལ་འབྱོར་གྱི་བླང་བྱ་ཁོ་ན་མ་ཡིན་པར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་བཏོན་པའི་སྤྱིའི་བླང་བྱ་ཞིག་ཡིན། དཔལ་འབྱོར་སྟོབས་ལྡན་ས་ཁུལ་ཁོ་ནར་བཏོན་པའི་བླང་བྱ་ཞིག་མིན་པར་ས་གནས་སོ་སོའི་འཕེལ་རྒྱས་ཁྲོད་ངེས་པར་ལག་བསྟར་དགོས་པའི་བླང་བྱ་ཞིག་ཡིན། དུས་སྐབས་ཤིག་དང་དོན་དག་སྣ་གཅིག་ལ་བཏོན་པའི་བླང་བྱ་ཁོ་ན་མ་ཡིན་པར་དུས་ཡུན་རིང་བོར་ངེས་པར་དུ་རྒྱུན་འཁྱོངས་དགོས་པའི་བླང་བྱ་ཞིག་ཡིན་པས། ས་གནས་ཁག་གིས་དོན་དངོས་ལ་སྦྱར་ནས་ཡུལ་བབ་དང་བསྟུན་པའི་སྒོ་ནས་ཆད་པ་ཁ་གསབ་བྱས་ཏེ། ས་གནས་རང་གི་དངོས་ཡོད་ལ་འཚམ་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་ཁར་སྙེག་དགོས་ཞེས་ནན་གྱིས་བསྟན།

བདག་གི་རེ་བ་ནི་མཚོ་སྔོན་གྱི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ནམ་ཡིན་ཡང་མི་དམངས་ལྟེ་བ་འཛིན་ཞིང་། གཏན་འཇགས་ཁྲོད་ནས་ཡར་རྒྱས་ཡོང་བའི་བྱེད་ཕྱོགས་སྤྱི་རྒྱུན་འཁྱོངས་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་གོམ་པ་མུ་མཐུད་དེ་མ་ལྷོད་པར་འཕེལ་རྒྱས་དང་བདེ་འཇགས་ཟུང་འཛིན། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྙིང་སྟོབས་དར་སྤེལ་བཏང་སྟེ་སྐྱེ་ཁམས་སྔོན་སྤེལ་རྒྱུན་འཁྱོངས་དང་། མཐོ་སྒང་གི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་སྤེལ། རིམ་པ་མཐོ་ཤོས་ཀྱི་འཚོ་བ་སྐྱིད་པོ་གསར་སྐྲུན་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཐོག མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཕྱོགས་ལ་མུ་མཐུད་ནས་གྲུབ་འབྲས་གསར་པ་བླངས་ཏེ་དུས་རབས་གསར་པའི་མཚོ་སྔོན་གྱི་ལེའུ་གསར་པ་བརྩམ་ཐུབ་རྒྱུ་དེ་ཡིན་ཟེར།

འཐུས་མིའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་ལོ་གཅིག་རིང་གི་བྱ་བ་དང་“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཀྱི་འཕེལ་རྒྱས་ལ་ཁས་ལེན་གནང་བ་མ་ཟད། མཚོ་སྔོན་གྱིས་དངོས་ཡོད་གནས་ཚུལ་ཟུང་དུ་སྦྲེལ་ནས་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་དུ་དུས་རབས་གསར་པའི་མཚོ་སྔོན་ལ་ལེའུ་གསར་པ་བརྩམ་དགོས་པའི་སློབ་སྟོན་གལ་ཆེན་གནང་།

སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

◆སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ན་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་དོན་རྒྱུན་འཁྱོངས་དང་། གསར་གཏོད། མཐུན་སྦྱོར། ལྷད་མེད། སྒོ་འབྱེད། མཉམ་སྤྱོད་ཐུབ་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས་པ་ཡིན།

◆མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་ལ་ཟུང་དུ་སྦྲེལ་ནས་གསར་གཏོད་སྒུལ་ཤུགས་འཛིན་པའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་པོར་འཛུགས་སྐྲུན། རྒྱལ་ཁབ་ཀྱི་གཙང་སེལ་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས། འཚེ་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བཅས་གསར་སྐྲུན་བྱས་ཏེ། འཚེ་མེད་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁོར་མ་ལག་བཙུགས་ནས་ས་གནས་རང་གི་ཁྱད་ཆོས་མངོན་པའི་དེང་རབས་དཔལ་འབྱོར་གྱི་མ་ལག་འཛུགས་དགོས།

སྐྱེ་ཁམས་སྔོན་སྤེལ་རྒྱུན་འཁྱོངས་བྱ་དགོས།

◆མཚོ་སྔོན་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་དུས་གཏན་འཕེལ་རྒྱས་ཡོང་བར་འགན་འཁྲི་ཆེན་ཡོད་པས། ངེས་པར་དུ་སྐྱེ་ཁམས་བདེ་འཇགས་དང་ཆུ་གསུམ་འགོ་ཁུངས་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་འགན་འཁྲི་ཆེན་པོ་ཁུར་དུ་བླངས་ནས་རྒྱལ་ཁབ་དང་མི་རིགས། མི་རབས་ཕྱི་མ་རྣམས་ལ་འགན་འཁུར་དགོས།

◆རྒྱལ་ཁོངས་ས་ཞིང་གསར་སྤེལ་དང་སྲུང་སྐྱོང་གི་རྣམ་པ་ཇེ་ལེགས་དང་། བྱེད་པོའི་བྱེད་ནུས་ཀྱི་བློ་བཀོད་རྒྱ་ཆེན་ལག་བསྟར་དོན་འཁྱོལ། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་མ་ལག་འཐུས་ཚང་བཅས་སུ་བཏང་སྟེ། སྐྱེ་ཁམས་ཡུལ་སྐོར་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་མཐའ་གཅིག་ཏུ་དག་ཐེར་བྱ་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱེད་སའི་མ་ལག་ཁྲོད་མཚོ་སྔོན་འདི་གྲལ་གྱི་མགོར་བསྡད་དེ་དུས་ནམ་ཡང་རི་སྔོ་ཆུ་དྭངས་ཀྱི་ཁོར་ཡུག་བཟང་པོ་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་བརྩི་ནས་མི་དམངས་ལ་བདེ་སྐྱིད་དང་མི་རབས་ལ་ལག་རྗེས་འཇོག་དགོས།

འཚོ་བ་ལེགས་པོ་གསར་སྐྲུན།

◆དམངས་ཚིས་ཕྱོགས་ཀྱི་ཆད་པ་ཁ་གསབ་དང་དཀའ་གནད་སེལ་གྲོལ། དམངས་ཚིས་མ་མཐའི་ཚད་ཐིག་བརྟན་སྲུང་། ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་ལ་སོགས་པའི་དམངས་དོན་ལེགས་པོར་བསྒྲུབས་ནས་སྤྱི་གཞུང་ཞབས་ཞུའི་ཆུ་ཚད་ཚད་གཞི་ལ་བསླེབ་ཞིང་དོ་མཉམ་པར་འཇུག་དགོས།

◆གྲོང་ཁྱེར་དང་གྲོང་གསེབ་ཁྱབ་ཁྱོངས་མཐུན་སྦྱོར་གོང་སྤེལ་ལ་སྐུལ་འདེད་དང་། ཞིང་སྡེ་དར་སྤེལ་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དབུལ་སྒྲོལ་འགག་གཏོར་ཀྱི་གྲུབ་འབྲས་དེ་ཞིང་སྡེ་དར་སྤེལ་གྱི་ཁྲོད་དུ་སྲ་བརྟན་ངང་རྒྱ་བསྐྱེད་ནས་གྲོང་གསེབ་སྡོད་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏང་དགོས་པ་དང་། ཞིང་གྲོང་གི་འཚོ་སྡོད་ཁོར་ཡུག་ཇེ་ཡག་ཇེ་གཙང་དུ་བཏང་སྟེ་དཔལ་ཡོན་གྲོང་སྡེ་སྐྱོང་སྲོལ་དར་སྤེལ་བྱས་ནས་མིའི་འཚོ་སྡོད་དང་ལས་རིགས་དར་སྤེལ་ལ་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱ་དགོས།

◆ཏང་དང་མི་རིགས་ཀྱི་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་ལ་ཤུགས་སྣོན། མི་རིགས་ས་ཁུལ་གོང་སྤེལ་ཇེ་མགྱོགས་བཅས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་དོན་དག་བཟང་པོ་དང་དོན་དངོས་ལེགས་པོ་བསྒྲུབ་ནས་དཀའ་གནད་ཅི་ཡོད་སེལ་ཐབས་བྱ་བ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་བ་དང་། ཕན་ཚུན་མཐུན་སྒྲིལ་ཡོང་བར་སྐུལ་འདེད་བཏང་ནས་མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས།

སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་བྱེད་ཐབས་ཕྱོགས་ནས་གསར་གཏོད་བྱས་ཏེ། སྤྱི་གཞུང་བདེ་འཇགས་ཀྱི་འཕྲད་བསྟུན་མཁོ་སྒྲུབ་མ་ལག་འཐུས་ཚང་དུ་བཏང་ནས་ལམ་སང་ཉེན་ཁ་སྣ་ཚོགས་ཐག་གཅོད་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་ལེན་བྱ་དགོས།

ཏང་གི་ལོ་རྒྱུས་སློབ་གསོ་སྤེལ་དགོས།

◆དམར་པོའི་ཐོན་ཁུངས་འདོན་སྤེལ་དང་བཀོལ་སྤྱོད་གང་ལེགས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་བསམ་བློ་བརྟན་པོ་ཡོང་བ་དང་། ཐོག་མའི་སེམས་འདུན་བརྟན་པོ་ཡོང་བར་འཁྲིད་སྟོན་སློབ་གསོ་བརྒྱབ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ནུས་པ་ཇེ་ཆེར་བཏང་སྟེ། རྙོག་འཛིང་གི་གནས་བབ་ཁྲོད་དུ་མགོ་མི་འཁོར་ཞིང་དགྲ་བོའི་མདུན་དུ་དཔའ་མི་ཞུམ་པ་ཞིག་བྱ་དགོས།

◆སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་བྱུང་འཕེལ་སྐོར་གྱི་ལོ་རྒྱུས་ལ་སོགས་པའི་སློབ་གསོ་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་དང་། ནང་སྒོས་སུ་ན་གཞོན་ལོ་ཆུང་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར“ནུས་པ”དང་། མཱ་ཁེ་སི་རིང་ལུགས་ཀྱིས་ཅིའི་ཕྱིར“སྒྲུབ་ཐུབ་པ”། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར“ལེགས་པོ་ཡོད་པ”སོགས་གཞི་རྩའི་གནས་ལུགས་ཆ་ནས་སློབ་སྟོན་ཡག་པོ་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་ནས་ཏང་གི་ཁ་ལ་ཉན་ཞིང་ཏང་གི་རྗེས་སུ་འབྲངས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་གྱི་ལག་ལེན་རླབས་ཆེན་ཁྲོད་ལག་རྗེས་མི་དམན་པ་འཇོག་དགོས།

ཁོན་ཐར་འཚོས་བསྒྱུར།