རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་རང་ཞིང་གི་འཐུས་མི་ཁ་སང་པེ་ཅིན་དུ་འབྱོར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ཏེ། ཟླ3པའི་ཚེས3ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་མཚོ་སྔོན་གྱི་འཐུས་མི་ཚོགས་པ་པེ་ཅིང་དུ་བདེ་བླག་ངང་འབྱོར་ནས་ཚོགས་ཆེན་ལ་མིང་ཐོ་བཀོད་པ་རེད།

ད་ལོ་ནི་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ཞིང་།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལས་འགོ་ཚུགས་པའི་ལོའང་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་ལོ་ཡང་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་སྐོང་འཚོག་བྱ་རྒྱུ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རླབས་ཆེན་གྱི་གྲུབ་འབྲས་ཕྱོགས་བསྡོམས་དང་།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གོང་སྤེལ་འཆར་འགོད་བཟོ་བ། 2035ལོའི་རྒྱང་རིང་གི་དམིགས་འབེན་ཁ་གསལ་བཟོ་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཚོགས་འདུ་མ་འཚོག་སྔོན་ལ་རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་རང་འགན་འཁྲི་སྒྲུབ་ཧུར་ཐག་དང་། མི་དམངས་ཀྱི་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར།“ཏན་ཏིག་བཞི་”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་པ་དང་།“སྔོན་འགྲོ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་བྱེད་པ།“དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན།“དཔལ་འབྱོར་གྱི་རྣམ་པ་རིགས་བཞི”འཛུགས་པ་སོགས་ཀྱི་ཆེད་དོན་གཞི་རིམ་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་གཞི་དང་གྲོས་འགོ་བཏོན་ནས་གྲ་སྒྲིག་གང་ལེགས་བྱས་ཡོད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་བཤད་རྒྱུར། ཐེངས་འདིའི་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས་སེམས་འགུལ་ཆེན་པོ་ཐེབས་ཤིང་བྲེལ་འཚུབ་ལངས་པ་ཞིག་ཀྱང་རེད། སེམས་འགུལ་ཐེབས་དོན་ནི་རྒྱལ་ཡོངས་ས་གནས་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མཉམ་དུ་རྒྱལ་དོན་གྲོས་མོལ་བྱེད་ཐུབ་པས་ཡིན། བྲེལ་འཚུབ་ལངས་དོན་ནི་འགན་འཁྲི་ལྕི་མོ་ཕྲག་ན་ཡོད་པ་ཡིན་པས་ཕ་ཡུལ་གྱི་རྒན་རབས་ཚོའི་མངགས་བཅོལ་ཆུད་ཟོས་སུ་གཏོང་མི་རུང་ཟེར། མོས་ད་ལོ་བཏོན་པའི་གྲོས་གཞིའི་ནང་དོན་དེ་དམངས་ཚིས་དང་། ཁོར་ཡུག་སྲུང་སྐྱོང་། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད། མོས་ཟེར་ན་གྲོས་གཞི་དེ་དག་གིས་ནུས་པ་ཡག་པོ་འདོན་རྒྱུའི་རེ་བ་ཡོད་ཅིང་། རང་ཉིད་ཀྱིས་ཀྱང་ངེས་པར་དུ་འཐུས་མིའི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་མི་དམངས་ལ་སྐད་ཆ་ཡག་པོ་བཤད་རྒྱུའི་རེ་བ་ཡོད་ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཨ་ཧྲེང་ཆིང་གིས་བཤད་རྒྱུར། “རྒྱལ་ཡོངས་ཀྱི་ཧོར་རིགས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་འབའ་ཞིག་ཡིན་པའི་ངོས་ནས། ངས་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲི600ལྷག་གི་གཟབ་ན་གྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་ཧུར་ཐག་སྒོས་རང་འགན་གཙང་སྒྲུབ་བྱས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་། རྨ་ཙོང་རིག་གནས་དར་སྤེལ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐབས་དང་ཇུས་གཞི་གདོན་རྒྱུ་ཡིན། སྤུས་ཚད་མཐོ་བའི་གྲོས་གཞི་གདོན་རྒྱུ་ཡིན”ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མ་ཕུའུ་ཁྲང་གིས། “ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་པའི་དུས་མཚམས་དམིགས་བསལ་ཡིན་ཞིང་དོན་སྙིང་གལ་ཆེན་ལྡན། ཚོགས་ཆེན་གཉིས་ཀྱི་རིང་ངས་སྲིད་ཞུགས་སྲིད་གླེང་ནན་ཏན་དང་། འགན་འཁྲི་ཡག་པོར་བསྒྲུབ་པ། ཐབས་དང་ཇུས་འདོན་པ་བཅས་བྱ་རྒྱུ་ཡིན” ཟེར།

འཐུས་མི་རྣམ་པའི་གོམ་ཁ་བརྟན་ལ་སེམས་ཁོང་ཡིད་ཆེད་ཀྱིས་བརྟས་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། ཆབ་སྲིད་ཀྱི་གོ་རྟོགས་མཐོར་འདེགས་དང་། ཁྲིམས་ལྟར་རང་འགན་གཙང་སྒྲུབ། ཚོགས་ཆེན་གྱི་སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་འདུན་དང་མངགས་བཅོལ་པེ་ཅིན་དུ་འཁྱེར་ནས་དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ལེན་པའི་དམག་འཐབ་བརྒྱབ་ནས་རིམས་ནད་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་ཀ་བརྩོན་ལེན་བྱེད་པའི་མཚོ་སྔོན་གྱི་གཏམ་རྒྱུད་ཚོགས་ཆེན་གཉིས་ལ་ནུས་ཤུགས་ཡོད་རྒུས་ཞུགས་ཏེ། འཐུས་མིའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས། ཚོགས་ཆེན་གྱི་ལས་འགན་སོ་སོར་ཕུན་སུམ་ཚོགས་པོའི་ངང་ལེགས་པོར་བསྒྲུབ་དགོས་ཞེས་བཤད།

གཡང་སྐྱིད་ཀྱིས་བསྒྱུར།