རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་མཁན་མཚོ་སྔོན་གྱི་ཨུ་ཡོན་རྣམས་ཁ་སང་པེ་ཅིན་དུ་འབྱོར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།སྤྱི་ཟླ3པའི་ཚེས2ཉིན། མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྣམས་གནམ་གྲུར་བསྡད་དེ་པེ་ཅིན་དུ་འབྱོར་བ་དང་། ཟླ3པའི་ཚེས4ཉིན་འཚོགས་མགོ་རྩོམ་རྒྱུ་ཡིན་པའི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པར་ཞུགས་རྒྱུ་རེད།

ཐེངས་འདིའི་པེ་ཅིན་དུ་འབྱོར་བའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁྱོན་བསྡོམས་མི16ཡོད་ཅིང་། སོ་སོར་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ཨུ་ཡོན་ལྷན་ཁང་། ཞིང་བཟོ་ཏང་། དགུ་གསུམ་སློབ་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། གྲངས་ཉུང་མི་རིགས་དང་ཆོས་ལུགས་སོགས་སྡེ་ཁག་གི་ཨུ་ཡོན་ཡིན་པ་རེད།

ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པའི་གནད་འགག་དུས་སྐབས་སུ་བསྡུས་པ་ཡིན་པས་དོན་སྙིང་ཆེན་པོ་ལྡན། ཐེངས་འདིའི་ཚོགས་ཆེན་བཟང་པོར་བསྡུ་ཆེད། པེ་ཅིན་དུ་མ་ཕྱིན་པའི་སྔོན་ལ་ཨུ་ཡོན་རྣམས་ཀྱིས་རང་བདག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ཆེ་གྲས་དཀྱིལ་སྙིང་དུ་བཟུང་ནས། གཞི་རིམ་ལ་ཟབ་ཞུགས་དང་རྟོག་ཞིབ་རྒྱ་ཁྱབ་ངང་བྱེད་པ། སེམས་ཞིབ་མོས་གྲོས་གཞི་འདོན་པར་གྲ་སྒྲིག་གང་ལེགས་བཅས་བྱས་པ་རེད།

ཤ་མོ་འཚོས་བསྒྱུར།