མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་སྐྱེ་ཁམས་གཙོ་ཁུལ་གྱི་དབུལ་ཐར་མང་ཚོགས་ལ་སྤྱི་ཕན་རང་བཞིན་གྱི་ལས་རྐང་སྤྲོད་པར་གྲོས་གཞི་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱི་སྐྱེ་ཁམས་གཙོ་ཁུལ་གྱི་དབུལ་ཐར་མང་ཚོགས་ལ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་སྤྲོད་པར་གྲོས་གཞི་བཏོན་པ་རེད།

གྲོས་གཞིའི་ནང་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས།“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སྐྱེ་ཁམས་སུ་གནས་ཡོད”“གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ཡག་པོ་བྱས་ནས‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་མཚོ་སྔོན་གྱིས་གཡོལ་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན་པས་ནོར་འཁྲུལ་སྤུ་ཙམ་ཡང་ཤོར་མི་རུང”ཞེས་གསལ་སྟོན་གནང་ཡོད། དེར་བརྟེན་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་།“སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པ”དང་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་རྒྱུ་སྔོན་ལ་འཇོག་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཏེ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་སོགས་ལ་སྲུང་སྐྱོང་ཡག་པོ་བྱ་ཆེན་བྱས་རྗེས་འཇོག་དགོས་པ་བསྟན། 2016ལོ་ནས་བཟུང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་འཐོབ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“སྐྱེ་ཁམས་སྲུང་སྐྱོང”དང“གནད་འཁེལ་དབུལ་ཐར”གྱི་གལ་ཆེའི་འགན་འཁྲི་གཉིས་ལ་དམིགས་ནས། སྐྱེ་ཧུར་ཐག་སྒོས་ཁམས་སྲུང་སྐྱོང་དང་དབུལ་ཐར་འགག་སྒྲོལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནོར་སྲིད་ཀྱི་དཀའ་ངལ་ཤིན་ཏུ་ཆེ་བའི་གནས་ཚུལ་འོག ཧུར་ཐག་སྒོས་མ་དངུལ་གྲབས་གསོག་བྱས་ཏེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་ཐོག་མར་བཙུགས་ནས། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བཅས་ཀྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། དུས་མཚུངས་སུ། རང་ཞིང་གིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ནུས་པ་གལ་ཆེན་འདོན་བཞིན་ཡོད།

གྲོས་གཞིའི་ནང་བཤད་རྒྱུར། མཚོ་སྔོན་གྱི་འབྱོར་བ་ད་རུང་ཞན་པའི་ཚོད་དུ་ཡོད། དེའི་ཁར་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ལས་འགན་དང་སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད་པས། རྒྱལ་ཁབ་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་གཙོ་བོའི་ས་ཁུལ་གྱི་དབུལ་ཐར་མང་ཚོགས་ལ་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་རྐང་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེན་ཡོང་བའི་རེ་བ་བཏོན།

གཡང་སྐྱིད་ཀྱིས་བསྒྱུར།