རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་མཇུག་སྒྲིལ་པ།

རང་རེའི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད15:00སྟེང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཇུག་སྒྲིལ་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་ནས་བསྡུས། ཚོགས་འདིར་འཐུས་མི2953ཞུགས་དགོས་པ་དང་དངོས་སུ་འཐུས་མི2896ཞུགས་ཡོད་པས་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གཏམ་བཤད་གནང་བ་རེད།

ཚོགས་ཆེན་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ཆོག་མཆན་བཀོད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་དམིགས་འབེན་འཆར་ཟིན་ལ་ཆོག་མཆན་བཀོད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་སྐོར་གྱི་ཆོད་དོན་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་དོན་སྒྲིག་སྲོལ་བཟོ་བཅོས་གྱི་ཆོད་དོན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་བྱུང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་གནས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་གྱི་སྙན་ཞུ། 2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ། 2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཆོག་མཆན་བཀོད་པ་རེད།

ལོ་ཙཱ་པ། ལྷ་ཆེན་རྒྱལ།