འཐུས་མི་པད་རྒྱལ་བཀྲ་ཤིས་དང་ཁུང་ཆིང་ཅུས་མཚོ་སྔོན་བོད་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་པད་རྒྱལ་བཀྲ་ཤིས་དང་ཁུང་ཆིང་ཅུས་རྒྱལ་ཁབ་རིམ་པས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་དམིགས་བསལ་དཀའ་ངལ་ལ་བསམ་གཞིག་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་བོད་རིགས་ས་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས་པའི་གྲོས་གཞི་བཏོན་པ་རེད།

གྲོས་གཞིའི་ནང་བཤད་རྒྱུར། ལས་རིགས་སློབ་གསོ་དེ་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་ཉེར་སྤྱོད་རང་བཞིན་དང་ལག་རྩལ་རྩལ་ནུས་ལྡན་པའི་འཇོན་མིར་ཐད་ཀར་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་། སློབ་གསོ་པུའུ་སོགས་རྒྱལ་ཁབ་པུའུ་ཨུའི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་ཞིང་གིས《རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོ་བཅོས་སྒྱུར་གྱི་ལག་བསྟར་ཇུས་གཞི》དོན་འཁྱོལ་ནན་ཏན་བྱས་ཤིང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། སློབ་གཉེར་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ལས་རིགས་སློབ་གསོའི་སློབ་ཁྲིད་སྤུས་ཚད་དང་སློབ་གཉེར་ཆུ་ཚད་སྔར་བས་ཇེ་མཐོར་བཏང་བ་བཅས་རེད། འོན་ཀྱང་ལོ་རྒྱུས་དང་དོན་དངོས་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་ཤུགས་རྐྱེན་ཐེབས་པའི་དབང་གིས། རང་ཞིང་གི་བོད་འབྲེལ་ས་ཁུལ་གྱི་ལས་རིགས་སློབ་གསོའི་འཕེལ་རྒྱས་མགོ་བརྩམས་འཕྱི་ཞིང་རྨང་གཞི་ཞན་པར་མ་ཟད། ད་དུང་སློབ་གཉེར་ཆ་རྐྱེན་ཞན་པ་དང་དགེ་རྒན་གྱི་དཔུང་ཁག་ཧྲིལ་པོའི་གྲངས་ཀ་མི་འདང་བ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད།

འཐུས་མི་པད་རྒྱལ་བཀྲ་ཤིས་དང་ཁུང་ཆིང་ཅུས་མཚོ་སྔོན་གྱི་བོད་འབྲེལ་ས་ཁུལ་གྱི་ལས་རིགས་སློབ་གསོར་རྒྱབ་སྐྱོར་བྱེད་ཤུགས་ཆེན་བྱས་པ་བརྒྱུད་ཁ་གཏད་རོགས་སྐྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ལས་རིགས་སློབ་གྲྭར་ཡོངས་ཁྱབ་སུ་མངོན་པའི་ཆེད་བསྐོས་དགེ་རྒན་དང“དགེ་རྒན་གཉིས་མའི”དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱ་དགོས་པའི་གྲོས་གཞི་བཏོན་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།