རང་ཞིང་ནས་དུག་འཐེན་མཁན་གཉིས་འཛིན་བཟུང་བྱས་པ།

ཉེ་ལམ། ཧོར་གྲོང་རྫོང་སྤྱི་བདེ་ཅུའུ་ཝེ་ཡོན་གྲོང་རྡལ་མངག་གཏོང་ཁང་གིས་དུག་འཐེན་གྱོད་དོན་རྩད་གཅོད་བྱ་བར་མུ་མཐུད་དུ་ཤུགས་བསྣན་ཏེ་དུག་འཐེན་གྱོད་དོན་མི་འདྲ་བ་གཉིས་རྩད་ཆོད། དུག་འཐེན་ཁྲིམས་འགལ་མི་སྣ་ཝེ་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ་གཉིས་སོ་སོ་ཁྲིམས་ལྟར་བཀག་སྐྱིལ་བྱས་ཤིང་། བཙན་གྱིས་བཀར་འཇུག་དུག་གཅོད་ཀྱི་སྲིད་ཁྲིམས་ཆད་གཅོད་བྱས།

2021ལོའི་ཟླ1པོའི་ཚེས29ཉིན་གྱི་དུས་ཚོད10དང་སྐར་མ30ཡི་སྟེང་། ཝེ་ཡོན་གྲོང་རྡལ་མངག་གཏོང་ཁང་ལ་མིང་མི་གསལ་པའི་ཁ་པར་སྙན་ཞུ་འབྱོར་ནས་བཤད་རྒྱུར། ཧོར་གྲོང་རྫོང་ཝེ་ཡོན་གྲོང་རྡལ་གྱི་གཞིས་ཁུལ་ག་གེ་མོ་རུ་སྡོད་པའི་ཝེ་ཆེ་གེ་མོ་ཡིས་ཉེ་ལམ་ཕལ་ཆེར་དུག་འཐེན་བཞིན་ཡོད་པས་རྩད་གཅོད་བྱ་རོགས་ཟེར། སྙན་ཞུ་འབྱོར་རྗེས་མངགས་གཏོང་ཁང་གིས་མྱུར་དུ་ལས་འགུལ་སྤེལ་ནས། ཁྲིམས་ལྟར་ཝེ་ཆེ་གེ་མོ་མངག་གཏོང་ཁང་ལ་བོས་ནས་རྩད་གཅོད་དང་ལེན་བྱེད་འགོ་བརྩམས། རྫོང་དུག་འགོག་རུ་ཆེན་གྱིས་ཝེ་ཆེ་གེ་མོའི་ལུས་སྟེང་གི་ཅི་ཀ་བ་དང་པུན་ཁ་བའི་ཨན་ལ་དབྱེ་ཞིབ་བྱས།

འདྲི་གཅོད་བྱས་པ་བརྒྱུད། ཝེ་ཆེ་གེ་མོ་ཡིས2020ལོའི་ཟླ12པའི་ཟླ་སྨད་ལ་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དུ་དུག་འཐེན་པའི་ཁྲིམས་འགལ་བྱ་སྤྱོད་མཐའ་དག་མ་གསང་བར་ཁས་ལེན་བྱས། ཝེ་ཆེ་གེ་མོས་ཐེངས་མང་པོར་དུག་འཐེན་ནས་དུག་གི་དབྱང་ཞུགས་པའི་མི་སྣ་ཡིན། ཟླ2པའི་ཚེས19ཉིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཁྲིམས་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་དོན་གཉིས་པའི་གཏན་འབེབས་གཞིར་བཟུང་ནས། ཧོར་གྲོང་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཝེ་ཆེ་གེ་མོ་ཡིས་དུག་འཐེན་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་དོན་བཀག་སྐྱིལ་ཉིན་བཅོ་ལྔའི་ཆད་པ་བཅད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུག་འགོག་བཅའ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པ་དང་ཞེ་བདུན་པའི་གཏན་འབེབས་ལྟར། ཝེ་ཆེ་གེ་མོ་ལ་བཙན་གྱིས་བཀག་སྐྱིལ་དུག་གཅོད་ཁྲིམས་ཆད་ལོ་གཉིས་བཅད་པ་རེད།

2021ལོའི་ཟླ2པའི་ཚེས2ཉིན། ཝེ་ཡོན་གྲོང་རྡལ་མངག་གཏོང་ཁང་གིས་མངའ་ཁོངས་དེའི་སྡེ་བ་ག་གེ་མོའི་སྡེ་མོ་ལོའུ་ཆེ་གེ་མོ་ཡིས་དུག་འཐེན་པའི་དོགས་གཞི་ཡི་ཁུངས་སྣེ་ཤེས་མ་ཐག་མྱུར་དུ་ལོའུ་ཆེ་གེ་མོ་མངག་གཏོང་ཁང་ལ་བོས་ནས་རྩད་གཅོད་བྱས། རྫོང་དུག་འགོག་རུ་ཆེན་གྱིས་ལོའུ་ཆེ་གེ་མོའི་ལུས་སྟེང་གི་ཅི་ཀ་བའི་ཨན་ཁ་བར་དབྱེ་ཞིབ་བྱས་དུས་ཁོའི་ལུས་སྟེང་དུ་དངོས་གནས་དུག་རྫས་ཀྱི་ལྷག་རོ་ཡོད་པ་རེད།

འདྲི་གཅོད་བྱས་པ་བརྒྱུད། ལོའུ་ཆེ་གེ་མོ་ཡིས2020ལོའི་ཟླ10པའི་ནང་། ཝེ་ཡོན་གྲོང་རྡལ་གྱི་ནུབ་ལམ་སྲང་མའི་གཞིས་ཁྱིམ་ར་སྐོར་ཞིག་གི་ནང་དུ་ཁང་བ་གླས་ནས་རང་བཟོས་འཁྱགས་དར་གྱིས་བསྲེགས་འཐེན་གྱི་བྱེད་ཐབས་ལ་བརྟེན་ནས་དུག་རྫས་འཐེན་པའི་ཁྲིམས་འགལ་བྱ་སྤྱོད་མཐའ་དག་མ་ལུས་ངོས་ལེན་བྱས་པ་རེད། ལོའུ་ཆེ་གེ་མོ་ཡིས་དུག་རྫས་ཐོག་དང་པོར་འཐེན་པ་ཡིན་པས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཁྲིམས་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་དོན་གཉིས་པའི་གཏན་འབེབས་ལྟར། ཧོར་གྲོང་རྫོང་སྤྱི་བདེ་ཅུའུ་ཡིས་ཁྲིམས་ལོའུ་ཆེ་གེ་མོར་སྲིད་དོན་བཀག་སྐྱིལ་ཉིན་ལྔ་ཡི་ཆད་པ་བཅད།

ད་ལྟ། ཝེ་ཆེ་གེ་མོ་མཚོ་སྔོན་སྟོད་པ་བཙན་ཉར་བཀག་སྐྱིལ་དུག་གཅོད་སའོ་རུ་བསྐྱལ་ནས་ཁྲིམས་འཛིན་བཀག་སྐྱིལ་དང་བཙན་ཉར་བཀག་སྐྱིལ་དུག་གཅོད་བྱེད་བཞིན་ཡོད་ལ། ལོའུ་ཆེ་གེ་མོ་ཧོར་གྲོང་རྫོང་བཀག་སྐྱིལ་སའོ་རུ་བསྐྱལ་ནས་བཀག་སྐྱིལ་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།