སྒོར་མོ་གཡོ་ལེན་བྱེད་མཁན་སྐྱེས་པ་ཞིག་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་དོན་བཀག་སྐྱིལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་རུ་ཁག་གིས་གནས་ཚུལ་ཁྱབ་སྤེལ་དོན། ཉེན་རྟོག་ཕྱོགས་ཀྱིས་རྒྱུ་ནོར་གཡོ་ལེན་བྱས་པའི་གྱོད་དོན་ཞིག་རྩད་ཆོད་བྱུང་བ་དང་། སྐྱེས་པ་ཞིག་གིས་རླངས་འཁོར་གྱི་མིང་ཐོའི་འགྲོ་ལུགས་སྒྲུབ་རོགས་ལ་ཁ་གཡོར་ནས། དོན་དངོས་རྫུན་བཟོ་དང་མགོ་སྐོར་གཡོ་ལེན་གྱིས་ཉེས་དོན་བཀག་སྐྱིལ་བྱས་འདུག

ཟླ1པོའི་ཟླ་སྟོད་ལ། མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་གནོད་འཚེ་ཐེབས་མཁན་གྱིས་གྱོད་དོན་སྙན་གསེང་ཞུ་འབྱོར་པ་ལྟར། སྐྱེས་པ་ལིག་ཆེ་གེ་མོས་རླངས་འཁོར་ཉོ་བསྡུའི་ཁྲལ་དངུལ་སྤྲོད་རྒྱུ་དང་རླངས་འཁོར་གསར་པ་ལ་མིང་ཐོའི་འགྲོ་ལུགས་སྒྲུབ་རོགས་བྱེད་ཟེར་ནས་སྒོར་མོ་མང་པོ་མགོ་སྐོར་གཡོ་ལེན་བྱས་སོང་ཟེར།

གྱོད་དོན་སྙན་ཞུ་འབྱོར་མ་ཐག་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་མྱུལ་ཞིབ་ལས་ཤེས་གསལ་ལྟར་ན། ལིག་ཆེ་གེ་མོས་སྔོན་ཆད་རླངས་འཁོར་གྱི་མིང་ཐོའི་འགྲོ་ལུགས་སྒྲུབ་རྒྱུར་ཁ་གཡར་ནས། མི་གཞན་གྱི་ལག་ནས་སྒོར་མོ་ཁྲི་གཉིས་ལྷག་གཡོ་ལེན་བྱས་སོང་ཟེར། རྩད་གཅོད་རབས་དང་རིམ་པ་མང་པོ་བརྒྱུད། མི་དམངས་ཉེན་རྟོག་པས་ལིག་ཆེ་གེ་མོ་ཡི་འདུག་གནས་རྙེད། མཚོ་ཤར་གྲོང་ཁྱེར་མངའ་ཁོངས་ཀྱི་མགྲོན་ཁང་ཞིག་གི་ནང་ནས་མགོ་སྐོར་གཡོ་ལེན་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་ལིག་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད།

འདྲི་གཅོད་བྱས་པ་བརྒྱུད། ལིག་ཆེ་གེ་མོ་ཡིས་རང་གིས་ཉེས་བསག་ནག་ཉེས་ཀྱི་དོན་དངོས་མཐའ་དག་མ་ལུས་ཁས་ལེན་བྱས་པ་རེད། ད་ལྟའི་ཆར། ལིག་ཆེ་གེ་མོ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་བྱང་སྤྱི་བདེ་ཡན་ལག་ཅུའུ་ཡིས་ཁྲིམས་ལྟར་ཉེས་དོན་བཀག་སྐྱིལ་བྱས་ཤིང་། གྱོད་དོན་དེ་ད་ལྟ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།