རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག (1)

༼རྩྭ་ཐང་མེ་འགོག་སྐོར་གྱི་སྲོལ་ཡིག༽ནི༼ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས༽གཞིར་བཟུང་ནས་གཏན་ཁེལ་བྱས།སྤྱི་ལོ2008ལོའི་ཟླ11པའི་ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས36པའི་རྒྱུན་ལས་གྲོས་ཚོགས་སྐབས་བཟོ་བཅོས་གཏན་ཁེལ་དང་སྤྱི་ལོ2008ལོའི་ཟླ11པའི་ཚེས29ཉིན་ཁྱབ་བསྒྲགས།སྤྱི་ལོ2009ལོའི་ཟླ1པོའི་ཚེས1ཉིན་ལག་བསྟར་བྱས།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། རྩྭ་ཐང་གི་མེ་འགོག་བྱ་བར་སྔར་ལ་ས་ཤུགས་སྣོན་པ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་ཧུར་ཐག་གིས་སྒྲུབ་པ།རྩྭ་ཐང་གི་མེ་སྐྱོན་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཅས་བྱེད་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས》ལྟར་སྲོལ་ཡིག་འདི་གཏན་ཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། སྲོལ་ཡིག་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་ཡོངས་ལ་འཕྲོད་མོད།འོན་ཀྱང་ནགས་ཁུལ་དང་གྲོང་ཁྱེར་འདིའི་ནང་འདུས་མེད།

དོན་ཚན་གསུམ་པ། རྩྭ་ཐང་གི་མེ་འགོག་བྱ་བར་སྔོན་འགོག་གཙོ་བོ་དང་འགོག་གསོད་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱ་རྒྱུ།

དོན་ཚན་བཞི་བ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྩྭ་ཐང་མེ་འགོག་བྱ་བའི་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རྩྭ་ཐང་མེ་འགོག་ཐད་མཁོ་བའི་འགྲོ་སོང་དེ་རང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཞག་སྟེ། རྩྭ་ཐང་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བ་གང་ལེགས་སྒོས་སྒྲུབ་པར་འགན་སྲུང་བྱེད་དགོས། རྩྭ་ཐང་མེ་འགོག་བྱ་བ་དེ་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་དཔོན་པོའི་འགན་ཁུར་ལམ་ལུགས་དང་སྡེ་ཁག་དང་ལས་ཁུངས་འགོ་ཁྲིད་ཀྱི་འགན་ཁུར་ལམ་ལུགས་ལག་བསྟར་བྱེད་དགོས།

དོན་ཚན་ལྔ་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རྩྭ་ཐང་མེ་འགོག་བྱ་བར་གཙོ་བདག་བྱ་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་གཏན་ཁེལ་བྱས་་པའི་རྩྭ་ཐང་མེ་འགོག་གཙོ་གཉེར་སྡེ་ཁག་གིས་རང་སྲིད་འཛིན་མངའ་ཁོངས་ནང་གི་རྩྭ་ཐང་མེ་འགོག་བྱ་བར་གཙོ་བདག་བྱ་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་རང་སོ་སོའི་འགན་དབང་ཁྱབ་ཁོངས་ནང་གི་རྩྭ་ཐང་མེ་འགོག་བྱ་བ་ལེགས་པར་བསྒྲུབ་དགོས།

དོན་ཚན་དྲུག་པ། རྩྭ་ཐང་གི་བདག་གཉེར་བཀོལ་སྤྱོད་ལས་ཁུངས་དང་མི་སྒེར་གྱིས་བདག་གཉེར་དང་བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་ནང་གི་རྩྭ་ཐང་མེ་འགོག་བྱ་བའི་འགན་འཁུར་དགོས།

དོན་ཚན་བདུན་པ། རྩྭ་ཐང་མེ་བྱ་བ་དེ་སྲིད་འཛིན་མངའ་ཁོངས་གཉིས་ཡན་དང་ཡང་ན་ནགས་ཚལ་མེ་འགོག་དང་གྲོང་ཁྱེར་གྱི་མེ་འགོག་མེ་གསོད་དང་འབྲེལ་བ་ཡོད་ན།འབྲེལ་ཡོད་ཀྱི་ས་གནས་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་མཉམ་འབྲེལ་སྔོན་འགོག་ལམ་ལུགས་འཛུགས་དགོས་པ་དང་།མཉམ་འབྲེལ་སྔོན་འགོག་མངའ་ཁོངས་དང་མཉམ་འབྲེལ་སྔོན་འགོག་བྱེད་ཐབས་གཏན་ཁེལ་བྱས་ནས།ཆ་འཕྲིན་འབྲེལ་མཐུད་དང་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས།

དོན་ཚན་བརྒྱད་པ། མི་དམངས་སྲིད་གཞུང་དང་ཡང་ན་འབྲེལ་ཡོད་སྡེ་ཁག་གིས་རྩྭ་ཐང་མེ་འགོག་ཐད་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་བྱ་འགུལ་ལ་ངེས་པར་དུ་ཤུགས་བསྣན་ནས།སྤྱི་དམངས་ཀྱི་རྩྭ་ཐང་མེ་འགོག་འདུ་ཤེས་མཐོར་འདེགས་བྱེད་དགོས།

དོན་ཚན་དགུ་བ། ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་བྱ་བའི་ཐད་ནས་ཚན་རིག་ལག་རྩལ་ཞིབ་འཇུག་བྱེད་པར་སྐུལ་བསྟོད་དང་རྒྱབ་སྐྱོར་བྱས་ནས།རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཐད་ཀྱི་སྔོན་ཐོན་ལག་རྩལ་ཁྱབ་གདལ་དུ་གཏོང་དགོས།

དོན་ཚན་བཅུ་བ། སྐྱོན་སྔོན་འགོག་དང་མེ་གསོད་བྱ་བའི་ཁྲོད་བྱས་རྗེས་ཆེན་པོ་བཞག་པའམ་གྲུབ་འབྲས་མངོན་གསལ་ཡིན་པའི་ལས་ཁུངས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་གནང་དགོས།