ཀྲུང་སྨན(བོད་སྨན)གྱི་རྒྱུ་སྤུས་འཛིན་པའི་གཙོ་གནད་ཚོད་ལྟ་ཁང་རྒྱལ་ཁབ་ཀྱི་སྐོར་ཁག་གཉིས་པའི་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་གྲས་སུ་བདམས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་གནད་ཚོད་ལྟ་ཁང་སྐོར་ཁག་གཉིས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་འོས་སྦྱོར་དང་། མཚོ་སྔོན་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཚད་ལེན་ཁང་དང་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་ཞུ་བྱས་པའི“ཀྲུང་སྨན(བོད་སྨན)གྱི་རྒྱུ་སྤུས་འཛིན་པའི་གཙོ་གནད་ཚོད་ལྟ་ཁང”ཚུད་ཡོད་པ་རེད།

ཚོད་ལྟ་ཁང་གི་ལས་བྱེད་པས་བློ་རྩེ་གཅིག་ཏུ་སྒྲིམ་ནས་ལས་ཀ་སྒྲུབ་པའི་ཚུལ།

མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་ཞིབ་བཤེར་ཚད་ལེན་ཁང་གིས་ཐེངས་འདིའི་གཙོ་གནད་ཚོད་ལྟ་ཁང་གི་གནས་ཚུལ་གོང་རིམ་ལ་སྙན་ཞུ་འབུལ་བའི་ལས་ཀར་མཐོང་ཆེན་ཚད་མེད་གནང་སྟེ། རང་མོས་སྙན་ཞུ་དང་ཞིབ་བཤེར་འོས་སྦྱོར་དང་དཔྱད་ཞིབ། རྒྱུ་ཆ་དཔྱད་སྡུར། ཡུལ་དངོས་ཞིབ་བཤེར། ཕྱོགས་བསྡུས་དཔྱད་སྡུར་སོགས་གོ་རིམ་བརྒྱུད་མཐར་རྒྱལ་ཁབ་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་ཐོབ་ཐང་དེ་རག་ཐུབ་པ་བྱུང་། “ཀྲུང་སྨན(བོད་སྨན)གྱི་རྒྱུ་སྤུས་འཛིན་པའི་གཙོ་གནད་ཚོད་ལྟ་ཁང”གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ལ། བོད་སྨན་གྱི་རྒྱུ་སྤུས་འཛིན་པ་དང་དཔྱད་འཇོག་ལག་རྩལ་མ་ལག་བཟོ་བ། རྒྱུ་སྤུས་ཚད་གཞིར་ཞིབ་འཇུག་བྱེད་པ། བོད་སྨན་གྱི་རྫས་འགྱུར་གྲུབ་ཆ། འདུལ་སྦྱོང་། ཚད་གཞི་ཅན་གྱི་སྨན་རྒྱུ་ཞིབ་འཇུག བོད་སྨན་གྱི་བདེ་འཇགས་དཔྱད་འཇོག་མ་ལག་སྒྲིག་བཟོ། བོད་སྨན་ཐོན་ཁུངས་རྟོག་ཞིབ། འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོང་། རི་སྐྱེས་ཐོན་ཁུངས་གསོ་སྤེལ་དང་འདེབས་འཛུགས་ཚད་ལྡན་སྐོར་གྱི་ཞིབ་འཇུག དེ་མིན་རི་སྐྱེས་དང་འདེབས་གསོའི་རྒྱུ་སྤུས་གཤིབ་སྡུར་ཞིབ་འཇུག་སོགས་ཡོད་པ་རེད། 

ཉེ་བའི་ལོ་ལྔའི་རིང་ལ། མཉམ་འབྲེལ་ཚོད་ལྟ་ཁང་དེས་འབྲེལ་ཡོད་ཞིབ་འཇུག་ཁྱབ་ཁོངས་སུ་ཚན་ཞིབ་གྲུབ་འབྲས་མང་པོ་ཞིག་བླངས། སྔ་ཕྱིར་ཞིང་ཆེན་གྱི་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི25དང་། མཉམ་ལས་དང་མངག་བཅོལ་གནང་བའི་ཞིབ་འཇུག་བྱ་གཞི50གཙོ་སྐྱོང་གནང་ནས་ལེགས་པར་གྲུབ་པ་དང་། རྒྱལ་ཁབ་དང་ས་གནས་ཀྱི་སྨན་རྫས་ཚད་གཞི་ཁག173སྣེ་འཁྲིད་དེ་བཟོ་བཅོས་བརྒྱབ། རྒྱལ་ཁབ་སྨན་རྫས་ཁ་གསབ་ཀྱི་ཞིབ་བཤེར་བྱེད་ཐབས་སྣ་གསུམ་དང་སྨན་རྫས་འཕྲལ་བཤེར་བྱེད་ཐབས་ཁག7། སྨན་རྫས་ཀྱི་རྒྱུ་སྤུས་གནད་དོན་ཚབས་ཆེན་དང་སྨན་སྤུས་ཉེན་ཁའི་གནད་དོན་ཁག9ཡར་ཞུ་བྱས། མཚོ་སྔོན་ཞིང་ཆེན་གསར་གཏོད་དཔུང་སྡེ1དང་། ཀྲུང་གོའི་མི་རིགས་གསོ་རིག་སློབ་ཚོགས་ཚན་རྩལ་ཡར་ཐོན་ཨང་དང་པོ་གཅིག་དང་ཨང་གསུམ་པ་གཅིག་རེ། ནང་སོག་རང་སྐྱོང་ཁུལ་སྲིད་གཞུང་གི་ཞིབ་འཇུག་གྲུབ་འབྲས་དམིགས་བསལ་བྱ་དགའ་གཅིག་བཅས་ཐོབ། ཞིང་ཆེན་ཚན་རྩལ་གྲུབ་འབྲས་ཁག43བླངས། རིག་གཞུང་བརྩམས་ཆོས་དང་ཚན་རིག་ཁྱབ་གདལ་གྱི་དཔེ་ཚོགས་ཁག་བཅུ་པར་དུ་བསྐྲུན། SCIདང་གཞུང་གི་དཔྱད་རྩོམ99བརྩམས། རྒྱལ་ཁབ་ཀྱི་ཆེད་ཁེ་དང་མཉེན་ཆས་གསར་གཏོད་ཀྱི་བདག་དབང101བཅས་སྤྲད་ཡོད་པ་རེད།

ཀྲུང་སྨན(བོད་སྨན)རྒྱུ་སྤུས་འཛིན་པའི་གཙོ་གནད་ཚོད་ལྟ་ཁང་གིས“ཁྱད་ཆོས། གསར་གཏོད། བསྡམས་གློད”བཅས་ཀྱི་གོང་སྤེལ་བསམ་བློ་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། ཞིང་ཆེན་གྱི་པུའུ་རིམ་པའི་གཙོ་གནད་ཚོད་ལྟ་ཁང4དང་། རྒྱ་བོད་སྨན་ཚན་ཞིབ་སྡིངས་ཆ4། ཚན་ཞིབ་དང་ཚན་རིག་ཁྱབ་གདལ་རྟེན་གཞི2བཅས་ལ་གཞི་བཅོལ་ནས་བོད་སྨན་གྱི་ཚེ་སྲོག་འཁོར་རྒྱུན་ཁྲོད་ཀྱི་རྨང་གཞི་རང་བཞིན་དང་གནད་འགག་རང་བཞིན་གྱི་རྒྱུ་སྤུས་དང་བདེ་འཇགས་གནད་དོན་ལ་གཞི་བཅོལ་ནས་ལྟ་སྐུལ་དོ་དམ་བྱེད་ཐབས་གསར་པ་དང་། ཚད་ལེན་དཔྱད་ཞིབ་ཀྱི་ལག་ཐབས་གསར་པ། ཚད་གཞི་འཛིན་སྟངས་བཟོ་བཅོས། སྨན་རྫས་བདེ་འཇགས་དཔྱད་འཇོག འཕྲལ་བསྟུན་སྤྱི་གཞུང་དོན་རྐྱེན་ཐག་གཅོད་ལ་སོགས་པའི་ཁྱབ་ཁོངས་གལ་ཆེ་ཁག་ལ་ཞིབ་འཇུག་བྱས་ནས་འཁོར་སྐྱོད་ཕན་ཕྱོད་ཆེ་ལ། རྒྱལ་ནང་གི་སྔུན་གྲལ་དུ་ཚུད་ཐུབ་པ། ཁྱད་ཆོས་མངོན་གསལ་དོད་པའི་བོད་སྨན་ཚན་རྩལ་གསར་གཏོད་དང་མཉམ་སྤྱོད་ཀྱི་སྡིངས་ཆ་བཟོས་ནས། རང་རྒྱལ་གྱི་སྨན་རྫས་ལྟ་སྐུལ་དོ་དམ་ནུས་པ་མཐོར་འདེགས་ལ་ལག་རྗེས་འཇོག་པར་སྐུལ་མ་བཏབ་པ་རེད།

ཁོན་ཐར་འཚོས་བསྒྱུར།