ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་ཀྱིས་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ལ་ལོ་སར་གྱི་འཚམས་འདྲི་ཞུས་པ།

རང་རེའི་དྲ་བའི་འཕྲིན། རྒྱ་ལོའི་སྨོན་ལམ་ཐོན་ལ་ཉེ་བའི་སྐབས་ཏེ་ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། མཱ་ཧེ་དབྱིན་བཅས་སྐུ་འབུམ་དགོན་པར་སོང་ནས་གྲྭ་བཙུན་རྣམས་ལ་བསྐོར་བརྒྱབ་པ་དང་། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་རྣམས་ལ་ལོ་སར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་ཀྱི་ལས་འགན་གྱི་མདུན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་བོར་བསྒྲུབས་ལ། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་ཆེན་པོ་བླངས་པ་དང་། དབུལ་གཏོར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཤིང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་མཇུག་ཕུན་སུམ་ཚོགས་པར་བསྡུས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད། གྲུབ་འབྲས་དེ་དག་བླངས་པ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོས་སེམས་ཤུགས་གཅིག་མཐུན་དང་ཡང་འབད་བསྐྱར་འབད་བྱས་པའི་མཇུག་འབྲས་ཡིན་ལ། དེའི་ནང་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འབད་བརྩོན་ཡང་འདུས་ཡོད་ཟེར། རྡོ་རྗེ་རབ་བརྟན་གྱིས་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ན་ནིང་རིམས་ནད་འགོག་སྡོམ་དང་སྤྱི་ཕན་ལས་དོན་སོགས་ཀྱི་ཐད་ལ་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཉེ་སྔོན་གྲོལ་བའི་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྤྱི་སྡོམ་ཆ་ཚང་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཀྱི་རླབས་ཆེན་ཇུས་གཞི་བཀོད་པ་དེས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ཡིད་ཆེས་དང་སྟོབས་ཤུགས་ཆེ་རུ་བསྐྱེད་ཡོད། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་གོམས་སྲོལ་བཟང་བོ་དར་སྤེལ་བྱེད་པ་དང་། བླ་ཆེན་སྐྱེས་ཆེན་གྱི་ཐུན་མིན་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དད་ལྡན་མང་ཚོགས་དང་མཐུན་སྒྲིལ་དམ་པོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས། དུས་ནམ་ཡང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་གསུང་རབ་ཀྱི་ཞིབ་འཇུག་དང་འགྲེལ་བཤད་ལ་ཤུགས་སྣོན་པ་དང་། བོད་བརྒྱུད་ནང་བསྟན་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་བར་ཁྲིད་སྟོན་གང་ལེགས་བྱས་ནས། མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་ཆེས་རྒྱ་ཆེ་བའི་དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱེད་དགོས། དགོན་པའི་དོ་དམ་ལ་རྒྱུན་མ་ཆད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱེད་པ། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་པར་ཉན་ནས། ཆོས་ལུགས་ཀྱི་རྟོགས་པ་དང་བློ་སྦྱོང་བསྟུད་མར་མཐོར་འདེགས་བྱས་ཏེ། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ད་དུང་སྤྲོ་བ་ཆེན་པོས་སྒོ་མང་འཛིན་གྲྭ་དང་རྗེ་བཙུན་འཛིན་གྲྭས་མེ་ཏོག་མཆོད་པ་བཞེངས་བཞིན་པར་བལྟས་པ་དང་། དགོན་པའི་འདུ་ཁང་དུ་སོང་ནས་རིམས་ནད་འགོག་སྡོམ་དང་མེ་འགོག་བདེ་འཇགས་སོགས་ཀྱི་བྱ་བར་ཞིབ་བཤེར་བྱས། ཁོས་དགོན་པའི་དོ་དམ་ལ་རྒྱུན་མ་ཆད་པར་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་འགོག་གི་གནས་བབ་ཆེན་པོར་ཞབས་འདེགས་ཞུས་ཏེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་རིམས་ནད་འགོག་སྡོམ་གྱི་བྱ་བ་སྣ་ཚོགས་གཟབ་ནན་དང་ཞིབ་མོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།