ཞིང་ཨུ་རྩ་འཛུགས་པུས་ཞིང་ཨུ་སྐབས་བཅུ་གསུམ་པར་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་བྱས་པའི་ལས་ཁུངས་དང་ས་ཁུལ་གྱི་ལས་མི་འདེམ་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་གྱི་གནས་ཚུལ་སྙན་ཞུ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཡར་ཞུ་བྱ་བར་ཟུང་འབྲེལ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐོར་ཐེངས་བརྒྱད་པའི་སྐབས་སུ་སྐོར་ཞིབ་བྱས་པའི་ཞིང་ཆེན་སྤྱི་བདེ་ཐིན་དང་དར་ལག་རྫོང་སོགས་སྡེ་ཁག་དང་ས་ཁུལ་གྱི་ཏང་ཨུ་ལ་ཡིག་ཐོག་ནས་ལས་མི་འདེམ་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་གནས་ཚུལ་མར་བསྒྲགས་པར་མ་ཟད། གནད་དོན་ལ་ཁ་གཏད་དེ་དག་ཐེར་ལེགས་བཅོས་ཀྱི་རེ་བ་བཏོན།

སྐོར་ཐེངས་འདིའི་ཞིབ་བཤེར་ཁྲོད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཆེད་དོན་ཞིབ་བཤེར་ཚན་ཆུང་གིས་གཙོ་བོར་སྐོར་ཞིབ་བྱས་པའི་ལས་ཁུངས་དང་ས་ཁུལ་གྱི་མི་འདེམ་མི་བཀོལ་བྱ་བའི་ཁྲོད། ཚད་མི་འདྲ་བར་ཡོད་པའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཐད་ཀྱི་འཆར་འགོད་བྱེད་ཚད་མི་འདང་བ་དང་། ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་ཀྱི་སྒྲིག་ལམ་ཚད་ལྡན་མིན་པ། ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་གཟབ་ནན་མིན་པ། ལས་བྱེད་པའི་འདེམ་བསྐོ་ལམ་ལུགས་དང་ལས་བྱེད་པའི་དོ་དམ་ལྟ་སྐུལ་ལམ་ལུགས་ལག་བསྟར་བྱས་ཚད་མི་འདང་བ། འགན་ཁུར་ལོ་ཚད་ལས་བརྒལ་བའི་ལས་བྱེད་པ་འདེམ་བསྐོ་བྱེད་པ་སོགས་ཕྱོགས་ཉེར་དྲུག་ཐད་ཀྱི་གནད་དོན་རྙེད་པར་མ་ཟད། ལས་ཁུངས་རེ་རེ་དང་ས་ཁུལ་རེ་རེར་གནས་པའི་གནད་དོན་ལ་ཟུང་འབྲེལ་བྱས་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དག་ཐེར་ལེགས་བཅོས་ཀྱི་བསམ་འཆར་བཏོན། དག་ཐེར་ལེགས་བཅོས་ཀྱི་རེ་བ་ལྟར་ན། སྐོར་ཞིབ་བྱས་པའི་ལས་ཁུངས་དང་ས་ཁུལ་གྱིས་ཏང་ཨུ་དང་ཏང་ཙུའུ་ཡི་གྲོས་ཚོགས་སྟེང་ཡར་ཞུ་གྲོས་གཞི་ཁྱབ་སྒྲོག་དང་། དག་ཐེར་ལེགས་བཅོས་བྱེད་ཐབས་ལ་ཞིབ་འཇུག་བྱ་དགོས་པ་དང་། དག་ཐེར་ལེགས་བཅོས་ཇུས་གཞི་དང་དག་ཐེར་ལེགས་བཅོས་གནས་ཚུལ་གཉིས་སོ་སོར་གཟའ་འཁོར10ཡི་ནང་དང་ཟླ3ནང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིབ་བཤེར་བྱེད་པར་སྤྲོད་དགོས་ཟེར།

གོ་རིམ་རྗེས་མར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་། སྐོར་ཞིབ་བྱས་པའི་ལས་ཁུངས་དང་ས་ཁུལ་གྱིས་ཡར་ཞུ་བྱས་པའི་གནད་དོན་ཁྱོན་ཡོངས་ནས་དག་ཐེར་ལེགས་བཅོས་བྱེད་པར་རྗེས་འདེད་སྐུལ་འདེད་གཏོང་བ་དང་། དེ་དང་མཉམ་དུ་མི་འདེམ་མི་བཀོལ་ཐད་ནས་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་ཞིབ་བཤེར་ཚད་ལེན་བྱེད་པའི་བྱ་བ་སྤེལ་བ། ཡུལ་དངོས་ལ་སོང་ནས་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བཟང་པོ་བྱས་ཏེ། གནད་དོན་དག་ཐེར་ལེགས་བཅོས་བཟང་པོ་བྱེད་པར་ཁག་ཐེག་བྱེད་པ་དང་། སྐོར་ཞིབ་བྱས་པའི་ལས་ཁུངས་དང་ས་ཁུལ་གྱི་མི་འདེམ་མི་བཀོལ་བྱ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་རྒྱུ་རེད།

ཤ་མོ་འཚོས་བསྒྱུར།