ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་ཡུལ་ཚོ་བཅས་ཀྱི་འགོ་ཁྲིད་ཚན་པའི་སྐབས་བརྗེའི་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།ཟླ2པའི་ཚེས22ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་།ཡུལ་ཚོའི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བའི་གྲོས་ཚོགས་སྔ་དྲོར་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཆར་འགོད་བཟང་པོ་བྱེད་པ་དང་། བློ་དཀར་དག་གཙང་དང་ཁག་ཁུར་བྱེད་ཕོད་པའི་ལས་བྱེད་པ་བཟང་བོ་བདམས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པ་བདེ་བླག་ངང་ཡོངས་འགྲུབ་བྱེད་པའི་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཐིན་ཅཱ་ཚའེ་དང་ཡུས་ཚོང་ལི། དབྱིན་པད། ཀྲང་ཀོང་རོང་། ཏུའུ་ཅེ་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅོན་གྱིས་བསྟན་དོན། ཐེངས་འདིའི་སྐབས་བརྗེ་ནི་དུས་རབས་གསར་པར་ཞུགས་པའི་ཐུན་མོང་གི་སྐབས་བརྗེ་ཐོག་མ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་པ་དང་འབྲེལ་ལ་དོན་སྙིང་གལ་ཆེན་ཡང་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བརྗེ་བྱ་བའི་ཐད་གནང་བའི་གཏམ་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལག་བསྟར་བྱས་ནས། སྐབས་བརྗེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྒྱུད་དེ་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་ཀྱི་འཕེལ་རྒྱས་ཐད་བློ་འདོན་ཇུས་འབུལ་བྱེད་པའི་ཏང་གི་འཐུས་མི་དང་དམངས་ཆེན་གྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན་འདེམ་དགོས་ལ། འགོ་ཁྲིད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རིམ་པ་སོ་སོའི་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་བཀོད་སྒྲིག་བཟང་པོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པའི་སེམས་ཤུགས་གཅིག་ཏུ་སྒྲིལ་བ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་ཀྱི་འཕེལ་རྒྱས་དང་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་དངོས་ཁྲོད་ཞུགས་དགོས་ཟེར།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་སྐབས་བརྗེའི་བྱ་བ་སྣ་ཚོགས་ཀྱི་སྙན་ཞུ་བཟང་པོ་འགོད་པ་དང་། འདས་ཟིན་པར་སྤྱི་སྡོམ་དང་མིག་སྔའི་ལས་ལ་དབྱེ་ཞིབ། མ་འོངས་པར་འཆར་འགོད་བཟང་པོ་བྱས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཆར་འགོད་གསར་པ་འགོད་དགོས། ལས་བྱེད་པའི་འགྲོ་ལོག་སྡོད་བསྒྱུར་གྱི་སློབ་གསོའི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སེམས་ཞིབ་མོས་བསམ་བློ་བྱ་བ་བཟང་པོར་བསྒྲུབ་ནས། སྲོལ་བཟང་སྤྱོད་གཙང་གི་སྐབས་བརྗེ་ཁོར་ཡུག་བཟང་པོ་བསྐྲུན་དགོས། ཀྲུང་དབྱང་གི་སྐབས་བརྗེ་སྒྲིག་ལམ་ཐད་ཀྱི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཁྲིམས་སྲོལ་ལྟར་བྱ་བ་སྤེལ་བ། སྲིད་ཇུས་དང་ལམ་ལུགས། སྒྲིག་ལམ་ལྟར་བྱ་བ་བསྒྲུབ་པ། སྐབས་བརྗེ་སྒྲིག་དང་འགལ་བའི་མི་དང་བྱ་བར་རྩད་གཅོད་ནན་མོ་བྱས་ཏེ། ཚན་ཁག་གསར་བས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྒྱུས་ལོན་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་རྟོགས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་མ་དཔེ་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱུད་རིམ་ཁྲོད་སྣང་བསྙན་གསར་བ་མངོན་པ་དང་འགན་འཁྲི་ཁག་ཁུར་བྱེད་ཕོད་པ། གྲུབ་འབྲས་གསར་པ་བསྐྲུན་པ་བཅས་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་བཤད་རྒྱུར། གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་ཏང་ཨུས་སྐབས་བརྗེའི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ། འགོ་མཇུག་བར་གསུམ་དུ་འགོ་ཁྲིད་ལས་བྱེད་པ་དང་འགག་སྒོ་དམ་སྲུང་བྱེད་པ། རིམ་པ་གཅིག་བརྗེ་རྗེས་རིམ་པ་གཅིག་ལ་སྤྱི་སྡོམ་བྱེད་པ་དང་རིམ་པ་གཅིག་ཇེ་མཐོར་བཏང་སྟེ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་རྨང་གཞི་འདིང་བ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་དང་སྦྲེལ་མཐུད་བྱེད་པ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་མིག་དཔེ་བྱེད་དགོས་ཟེར། འགོ་མཇུག་འབྲེལ་མཐུད་བཟང་པོ་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལྟ་རྟོག་བྱེད་པ། དམངས་གཙོ་དར་སྤེལ་གཏོང་བ་དང་བློ་བསྡུས་དགེ་འཚོལ། སེམས་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་ནས། སྐབས་བརྗེ་བརྟན་བརླིང་ངང་བྱེད་པ་དང་སྒྲིག་ལམ་ཡོད་པར་ཁག་ཐེག་བྱེད་པ་མ་ཟད། བྱ་བ་ཤུགས་ཡོད་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་པ་དང་། ད་དུང་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་བཟང་པོར་སྤེལ་བ་དང་སྐབས་བརྗེའི་བྱ་བ་དང་དཔལ་འབྱོར་འཕེལ་རྒྱས་གཉིས་བར་ཕན་ཚུན་གནོད་མི་བྱེད་པ་དང་ཕན་ཚུན་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་པ་རེད།

ཞིན་ཁྲང་ཞིང་གིས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ནས་རེ་བ་གསལ་པོ་བཏོན། དུས་ཚོད་ཚོད་འཛིན་བྱེད་པ་དང་། བྱ་བ་བཀོད་སྒྲིག་བཟང་པོ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། འབྱུང་སྲིད་པའི་གནས་ཚུལ་སྔ་མོ་ནས་ཞིབ་འཇུག་དང་བརྡར་གཅོད་བྱེད་པ། སྔ་མོ་ནས་ཐོ་འགོད་སྙན་སེང་ཕུལ་ནས། སྐབས་བརྗེ་བྱ་བ་བདེ་ཐང་དང་བརྟན་བརླིང་། གོ་རིམ་ལྡན་པའི་སྒོ་ནས་བསྡུས་པར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ལྷག་པར་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁྲི་སེམས་ལ་དམ་པོར་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ལེན་པ། འགན་འཁྲི་ལག་བསྟར་བྱེད་པ་དང་། ས་ཆ་སོ་སོའི་སྐབས་བརྗེ་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ལས་བགོ་འོས་འཚམ་བྱེད་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། བྱ་བ་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏང་དགོས། སྐབས་བརྗེ་བྱ་བ་སྤེལ་བའི་གནས་ཚུལ་དང་སྒྲིག་ལམ་ལག་བསྟར་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། སྐབས་བརྗེའི་གོ་རིམ་ཧྲིལ་བོ་ཁ་གསལ་ཞིང་དྲང་བདེན་དྲང་གཞག་ཡིན་པར་འགན་སྲུང་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་སྐབས་བརྗེ་བྱ་བ་བཟང་པོར་བསྒྲུབ་པའི་ཐད་ནས་སྐུལ་སློང་བཀོད་སྒྲིག་བྱས། ཁོ་མོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། སྐབས་བརྗེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ནས། ཚན་ཁག་བཟང་པོ་འདེམ་པ་མ་ཟད། སྙན་ཞུ་བཟང་པོ་ཡང་འགྲུབ་པར་བྱ་དགོས། སྐབས་བརྗེ་བྱ་བའི་བཀོད་སྒྲིག་ཚན་རིག་དང་མཐུན་པར་བྱེད་པ་དང་། སྐབས་བརྗེའི་དུས་ཚོད་དང་མི་དོན་བཀོད་སྒྲིག གོ་རིམ་སོགས་བྱེ་བྲག་གི་རེ་བར་རྒྱུས་ལོན་བཟང་པོ་བྱེད་དགོས། མི་བཀོལ་ཁྲིད་ཕྱོགས་ཡང་དག་འཛུགས་པ་དང་། ཆབ་སྲིད་ཀྱི་བྱང་ཚད་ཐད་ཀྱི་འགག་སྒོ་དམ་སྲུང་བྱེད་པ། འཐབ་རྩོད་གལ་ཆེན་གྱི་ལག་ལེན་ལ་དམིགས་ནས་ལས་བྱེད་པ་འདེམ་བསྐོ་བྱས་ཏེ། ལས་བྱེད་པའི་ཆེད་ལས་བློ་སྦྱོང་མཐོར་འདེགས་གཏོང་བར་དོ་སྣང་བྱ་དགོས། ཚན་ཁག་གི་སྡེབས་སྒྲིག་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཏང་སྲིད་ཀྱི་ལས་གནས་ལེགས་འདེམས་བཟང་སྒྲིག་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པར་དོ་སྣང་བྱས་ནས། ཚན་ཁག་གི་སྤྱི་ཁོག་གི་རྩོལ་ནུས་ཇེ་དྲག་ཏུ་གཏོང་དགོས། ཕུལ་བྱུང་ན་གཞོན་ལས་བྱེད་པ་འདེམ་བསྐོ་བྱེད་པ་དང་། ལོ་ཚོད་ཀྱི་རེ་བ་དང་ཚད་གཞི་ཆ་རྐྱེན་ལག་བསྟར་བྱས་ཏེ། རྒྱུན་རྣམ་ཅན་གྱི་འདེམ་བསྐོ་མི་བཀོལ་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། འཐུས་མི་དང་ཨུ་ཡོན་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ཞིབ་བཤེར་ལ་ཤུགས་སྣོན་བྱ་དགོས། ཚོགས་ཆེན་གྱི་འདེམ་བསྐོ་ལ་རྩ་འཛུགས་བཟང་བོ་བྱས་ནས། ཁྲིམས་སྲོལ་ལྟར་བྱ་བ་བསྒྲུབ་དགོས། སྒྲིག་ལམ་རེ་བ་ཇེ་དམ་དུ་གཏོང་བ་དང་། སྐབས་བརྗེའི་སྣང་ཚུལ་བཟང་པོར་བསྐྲུན་དགོས་ཟེར།

གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ཡོད་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད།

གྲོས་ཚོགས་གྲོལ་རྗེས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྐབས་བརྗེ་སྲིད་ཇུས་ཐད་ཀྱི་གསོ་སྦྱོང་བྱས་པ་རེད།

ཤ་མོ་འཚོས་བསྒྱུར།