དཔའ་ལུང་གིས་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་བྱ་བ་བདེ་བླག་ངང་མཇུག་འགྲིལ་རྗེས། འབྲིང་རིམ་ཆེད་ལས་ཡན་གྱི་སློབ་སློབ་གཉེར་བརྒྱུད་རིམ་ལྡན་པའི་གྲོང་ཚོའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་།དེའི་དམིགས་ཡུལ་ནི་གསར་དུ་བདམས་པའི་གྲོང་ཚོའི་ལས་བྱེད་པའི་རིག་གནས་ལེགས་ཆ་དང་། བསམ་བློའི་ལེགས་ཆ། ཤེས་བྱའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོའི་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་།འཕེལ་རྒྱས་ཀྱི་འདུ་ཤེས། འབད་འཐབ་ཀྱི་འདུ་ཤེས་བཅས་འཛུགས་དེ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་ཁྱོན་གྲོང་ཚོའི་ལས་བྱེད་པ64ཞུགས་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཆེད་དོན་གསོ་སྦྱོང་བྱས་པ་བརྒྱུད་ནས་གྲོང་ཚོའི་ལས་བྱེད་པའི་བསམ་བློའི་ངོས་འཛིན་སྔར་བས་ཇེ་མཐོར་དང་ཕུལ་བྱུང་གི་གྲོང་ཚོའི་ལས་བྱེད་པ་འཚར་ལོངས་ཡོང་རྒྱུར་ལྕག་སྐུལ་དང་མགྱོགས་མྱུར་བཏང་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱ་ཆེད་སྲ་ཞིང་བརྟན་པའི་འཇོན་མིའི་འགན་ལེན་བྱ་རྒྱུ་དེ་རེད་ལ། གསོ་སྦྱོང་འཛིན་གྲྭའི་ཐོག་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆེད་དོན་གསལ་འགྲེལ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཆེད་དོན་ཟུར་ཁྲིད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་པ་རེད། གསོ་སྦྱོང་བྱས་པ་བརྒྱུད་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ལས་བྱེད་པས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སྔར་བས་རྒྱུས་ལོན་གཏིང་ཟབ་ཐུབ་པ་དང་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ལས་བྱེད་པས་ལས་གནས་གསར་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་བརྩོན་ཆེན་པོས་བྱ་བ་བསྒྲུབ་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཡག་པོ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

གསོ་སྦྱོང་འཛིན་གྲྭ་མཇུག་བསྒྲིལ་རྗེས་ལོ24ལ་སླེབས་པའི་པ་ཡན་གྲོང་རྡལ་ཡོན་མ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རིན་ཧྲེ་ཡ་ཆིན་གྱིས། “དེ་རིང་གི་གསོ་སྦྱོང་འཛིན་གྲྭའི་ནང་ངའི་གསར་དུ་བསྐོ་གཞག་བྱས་པའི་གྲོང་ཚོའི་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན་ཤེས་བྱ་གསར་པ་ཞིག་ཡིན།ཆེད་དོན་སློབ་སྦྱོང་བྱས་པ་བརྒྱུད་ནས‘ལོ་ལྔའི་འཆར་གཞི་བཅུ་བཞི་པའི’འཆར་འགོད་ལ་དེ་བས་ཁྱོན་ཡོངས་ནས་རྒྱུས་ལོན་ཐུབ་སོང་། ངས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་གྲོང་ཚོའི་འཕེལ་རྒྱས་ལ་བསམ་གཞིག་མང་པོ་དང་ཇུས་འགོད་མང་པོ་བྱས་ཏེ། ཐོན་སྐྱེད་འཕེལ་རྒྱས་དང་ལས་གཞི་ལག་བསྟར་ཡག་པོ་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དེ་བས་འབྱོར་ཕྱུག་གི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན”ཟེར།

གཡང་སྐྱིད་ཀྱིས་བསྒྱུར།