རང་ཞིང་གི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་བྱེད་སྒོ་མཇུག་སྒྲིལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱས་པ་ལྟར་ན།རང་ཞིང་གི2021ལོའི“ལས་ཞུགས་རོགས་སྐྱོར་ཟླ་བའི”ཆེད་དོན་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་འདུག་ལ། བྱེད་སྒོ་དེ་སྤེལ་རིང་། ས་གནས་སོ་སོས་དྲ་ཐོག་དང་དྲ་འོག་གི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས56འཚོགས་པ་དང་། ཁེ་ལས654སྒྲིག་འཛུགས་བྱས་ནས་གདན་ཞུའི་ནང་ཞུགས་སུ་བཅུག་པ། གདན་ཞུའི་ལས་གནས9957མཁོ་འདོན་བྱས་པ། ལས་ཞུགས་ཀྱི་བསམ་གཞི་ཆིག་སྟོང་ལྷག་གྲུབ་ནས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ལས་གཏོད་ལ་རོགས་རམ་ཏན་ཏིག་བྱས་པ་རེད།

ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོའི་ཕན་འབྲས་ཆེ་རུ་གཏང་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་རང་འགུལ་ངང་མི་སྤྱོད་ལས་ཁུངས་སྣ་ཚོགས་སུ་བསྐྱོད་དེ། ཐབས་ལམ་མང་པོར་བརྟེན་ནས་ཁེ་ལས་ཀྱི་ལོ་ཧྲིལ་པོའི་མི་སྤྱོད་དགོས་མཁོའི་འཆར་གཞིར་རྒྱུས་ལོན་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་ལས་གནས་ཆ་འཕྲིན་རྒྱ་ཁྱབ་ངང་བསྡུ་རུབ་བྱེད་པ། ལས་ཞུགས་བརྟན་པོ་ཡོང་བ་བྱེད་པའི“སྐྱེལ་བའི”བྱེད་སྒོ་དང་ཟུང་འབྲེལ་བཅས་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་ཆེད་དོན་གདན་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད། དམིགས་གཞི་ཡོད་པའི་སྒོ་ནས་སྡེ་ཁུལ་དང་གྲོང་གསེབ་ཏུ་ཞབས་ཞུ་བྱ་ཡུལ་དུ་བསྐྱོད་དེ་ཞབས་ཞུ་བྱ་ཡུལ་གྱི་ལས་ཞུགས་རྣམ་པ་གསར་ཤོས་དང་ལས་གཏོད་དགོས་མཁོ་ཁྱོན་ཡོངས་ནས་རྒྱུས་ལོན་ཐུབ་པ་བྱ་དགོས། བྱེད་སྒོ་སྤེལ་སྐབས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཁྱོམ་བསྡོམས་ཞབས་འདེགས་ཞུ་ཡུལ་གྱི་ཁྱིམ་ཚང1189ལ་བཅར་འདྲི་བྱས་པའི་ནང་དབང་པོ་སྐྱོན་ཅན་ཐོ་འགོད་བྱས་པའི་ལས་ཤོར་པ་360ཡོད་པ་དང་། ཞབས་འདེགས་ཞུ་ཡུལ་ལ་རོགས་རམ་བྱས་ནས་མི779ལས་ཞུགས་ཐུབ་པ་དེའི་ནང་དབང་པོ་སྐྱོན་ཅན་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ101ཡོད་པ་རེད།

དེ་དང་ཆབས་ཅིག“ལས་ཞུགས་རོགས་སྐྱོར་ཟླ་བའི”བྱེད་སྒོའི་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལས་ཞུགས་སྲིད་ཇུས་དྲིལ་སྒྲོག་བྱེད་སྒོ་ཤུགས་ཆེར་སྤེལ་ཏེ། གདན་ཞུའི་འདུ་ཚོགས་བྱ་ཡུལ་དུ་ལས་ཞུགས་སྲིད་ཇུས་བློ་འདྲིའི་ཞབས་ཞུའི་སྟེགས་བུ་བཙུགས་པ། བྱ་བ་འཚོལ་མཁན་གྱི་དགོས་མཁོ་དང་ཁྱད་ཆོས་མི་འདྲ་བར་གཞིགས་ནས་ལས་རིགས་མཛུབ་ཁྲིད་དང་རྩལ་ནུས་གསོ་སྦྱོང་སོགས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་པ་རེད། དེའི་སྐབས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཞབས་འདེགས་ཞུ་ཡུལ་ལ་ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་བཅའ་ཁྲིམས་སྲིད་ཇུས་བློ་འདྲིའི་ཞབས་ཞུ་མི་ཐེངས1308མཁོ་འདོན་བྱས་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།