ཞིང་ཆེན་མི་ཤུགས་ཐོན་ཁུངས་ཁྲོམ་རས་ལོ་སར་རྗེས་ཀྱི་ཡུལ་དངོས་ལས་རིགས་གདན་ཞུའི་བྱེད་སྒོ་ཐོག་མ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་ཁྲོམ་རས་ལོ་སར་རྗེས་ཀྱི་ཡུལ་དངོས་ལས་རིགས་གདན་ཞུའི་བྱེད་སྒོ་ཐོག་མ་སྤེལ་ཞིང་། མི་སྤྱོད་ལས་ཁུངས51ཚོགས་རར་གདན་ཞུ་བྱས་ནས་ལས་ཞུགས་ལས་གནས2040མཁོ་འདོན་བྱས། དེའི་ནང་མི429ལས་འཚོལ་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཁེ་ལས་དང་ལས་ཞུགས་འདོད་མཐུན་གྱི་མི་གྲངས213་ཐོབ་པ་རེད།

“ལོ་རེའི་ལོ་སར་གྱི་རྗེས་སུ་ལས་ཀ་འཚོལ་བ་དང་ལས་ཀ་མཁོ་སྤྲོད་བྱེད་པའི་དུས་ཚིགས་འཁྲུག་ཆ་ཅན་དུ་སླེབས་ཡོང་ལ། ཐེངས་འདིའི་ང་ཚོས‘དཔྱིད་དཔལ་སླེར་ཡང་ས་གཞིར་སླེབས་པ’ཞེས་པའི་རྩེར་སོན་གདན་ཞུའི་ཚོགས་འདུ་སྒྲིག་འཛུགས་བྱེད་པ་ནི་བྱ་བ་འཚོལ་མཁན་དང་ཁེ་ལས་ལ་འབྲེལ་ཟམ་བཙུགས་ཏེ། ཁེ་ལས་ལ་ལོ་སར་རྗེས་ལས་མི་བསྡུ་བའི་དཀའ་ངལ་སེལ་རོགས་དང་བྱ་བ་འཚོལ་མཁན་ལ་ལས་འཚོལ་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ནས། ལོ་སར་གྱི་གོ་སྐབས་སྔོན་ལ་ཐོབ་པ་དང་མགྱོགས་མྱུར་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད། ཞིང་ཆེན་འཇོན་མིའི་བགྲོ་གླེང་ལྟེ་གནས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་རེད།

ལོ་སར་རྗེས་ཀྱི་གདན་ཞུའི་ཚོགས་འདུའི་སྟེང་ཁེ་ལས་སོ་སོས་མཁོ་འདོན་བྱས་པའི་གདན་ཞུའི་ལས་གནས་སྣ་ཚོགས་ཡོད་པ་དང་བཀོལ་སྤྱོད་བཟོ་པ་དང་། གཉེར་ཚོང་མི་སྣ། ཁེ་ལས་གཙོ་གཉེར་སོགས་ཀྱི་ལས་གནས་མང་པོ་ཡོད་པས་བྱ་བ་འཚོལ་མཁན་མི་ཉུང་བ་ཞིག་བློ་འདྲི་བྱེད་པར་ཡོང་བཞིན་ཡོད། ཀེ་ཅན་ནི་ལོ4ཡི་བྱ་བའི་ཉམས་མྱོང་ལྡན་པའི་བྱ་བ་འཚོལ་མཁན་ཞིག་ཡིན་ཞིང་། མ་གཞི་ཆེད་ལས་དེར་ཉམས་མྱོང་ངེས་ཅན་ཞིག་བསགས་ཡོད་མོད་ལོ་རྒྱུས་མདོར་བསྡུས་སྤྲོད་སྐབས། ཁོར་ད་དུང་ཁ་ཕྱོགས་གཅིག་ཀྱང་མེད། “ཞིང་ཆེན་འཇོན་མིའི་བགྲོ་གླེང་ལྟེ་གནས་ཀྱི་ལས་ཞུགས་མཛུབ་ཁྲིད་དགེ་རྒན་གྱིས་ང་ལ་རོགས་རམ་བྱས་ནས་ངའི་བྱ་བའི་ཉམས་མྱོང་དང་འཚམ་པའི་ལས་ཞུགས་ཁྲོམ་རར་དབྱེ་ཞིབ་ཞིབ་ཕྲ་མ་བྱས་ཚེ། ངས་ད་དུང་རང་ཉིད་ལ་ཕྱོགས་གང་གི་ཐད་ལེགས་ཆ་གང་ཡོད་པ་ཤེས་ཀྱི་མེད།ད་ཆ་ཇི་ལྟར་བྱས་ནས་ལས་ཕྱོད་ཆེན་པོས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་སྤྲོད་དགོས་མིན་ངས་ཤེས་ཀྱི་ཡོད”ཟེར།

ཁེ་ལས་ཀྱི་མངགས་ཐོ་མང་དུ་ཕྱིན་པ་དང་ཐོན་ནུས་ཆེ་རུ་ཕྱིན་པ་དང་ཆབས་ཅིག མཚོ་སྔོན་པི་ཡ་ཏེ་ལི་གློག་རྫས་ཚད་ཡོད་ཀུང་སིས་ལས་མི་སྤྱོད་ཚད་མང་དུ་ཕྱིན་ཡོད་པ་རེད། “ཐེངས་འདིའི་གདན་ཞུའི་འདུའི་ཚོགས་ནང་ང་ཚོས་ལས་ཞུགས་ལས་གནས1300ལྷག་མཁོ་འདོན་བྱས་ཤིང་། སྐས་རིམ་རིམ་པ་ཅུང་མང་པོ་ཡོད་པའི་ནང་ལས་གནས་དང་པོའི་ནང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གཉེར་བརྒྱུད་རིམ་ལ་ཕྱོགས་པའི་སློབ་མས70%བཟུང་བ་དང་། ཆེད་སྦྱོང་སློབ་ཆེན་དང་དངོས་གཞི་ཚན་ཁག་ལ་ཕྱོགས་པའི་སློབ་གཉེར་བརྒྱུད་རིམ་གྱིས30%ཟིན། གླ་ཕོགས་ཀྱི་ཐོབ་ཐང་ཡང་ཡག་པོ་འདུག སྤྱིར་ན་ལས་གནས་སྤྱོད་པའི་གླ་ཕོགས་སྒོར4000ནས་སྒོར6000བར་མང་པོ་སོང་ཡོད”ཟེར། མཚོ་སྔོན་པི་ཡ་ཏི་ལིས་གློག་རྫས་ཚད་ཡོད་ཀུང་སིའི་མི་དོན་ཁོའོ་ཀྲང་ཁྲེན་ཅུན་གྱིས“ལོ་སར་གྱི་སྔོན་ནས་བཟུང་ང་ཚོས་གདན་ཞུའི་བྱ་བའི་གྲ་སྒྲིག་བྱེད་འགོ་བཙུགས་ཏེ་ཡུལ་དངོས་སུ་གདན་ཞུ་བྱས་པ་མ་ཟད། ང་ཚོས་ད་དུང་མཚོ་སྔོན་འཇོན་མིའི་ཚོང་རའི་དྲ་ཚིགས་སྟེང་རྒྱུན་མཐུད་ངང་གདན་ཞུ་བྱ་རྒྱུ་ཡིན”ཟེར།

ད་སྔ་རང་ཞིང་གི་ལས་ཞུགས་ལས་ཁུངས་ཀྱིས2021ལོའི“དཔྱིད་རླུང་བྱ་འགུལ”གྱི་གདན་ཞུའི་ཚོགས་འདུ་ཆེ་གྲས་ཀྱི་འབྲེལ་ཡོད་བྱ་བ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་དང་ལས་འཚོལ་མི་སྣར་ལས་ཞུགས་ཀྱི་སྟེགས་བུ་མང་པོ་བསྐྲུན་ནས་རང་ཞིང་གི་ལས་ཞུགས་དུས་བབ་བརྟན་དུ་གཏོང་བཞིན་ཡོད་པ་རེད།

གཡང་སྐྱིད་ཀྱིས་བསྒྱུར།