མང་རྫོང་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་གསེབ་ཏུ་འགྲིམ་འགྲུལ་བདེ་འཇགས་བྱ་འགུལ་སྤེལ་བ།

སྔར་ལས་ལྷག་པའི་སྒོ་ནས་གྲོང་མིའི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་ཡོངས་ཁྱབ་སྒོས་སྤེལ་བ་དང་། ལོ་སར་གྱི་རྗེས་ནས་འགྲིམ་འགྲུལ་བདེ་འཇགས་དཔལ་ཡོན་འགྲོ་སྐྱོད་ཀྱི་དྲིལ་སྒྲོག་མཁའ་དབུགས་ལེགས་པོ་ཞིག་གསར་སྐྲུན་བྱེད་པ། རང་སྟེང་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་འགོག་སྲུང་བྱེད་པའི་གནས་བབ་ལེགས་པོ་ཞིག་ཆགས་པ་བྱ་ཆེད། ཟླ2པའི་ཚེས22ཉིན། མང་རྫོང་འགྲིམ་འགྲུལ་རུ་ཆེན་གྱིས་ཉེན་རྟོག་མི་ཤུགས་རྩ་འཛུགས་བྱས་ཏེ། ཏུའུ་ལན་སྡེ་བའི་ནང་འགྲིམ་འགྲུལ་བདེ་འཇགས་གྲོང་གསེབ་ཏུ་སྤེལ་བའི་བྱ་འགུལ་སྤེལ།

བྱ་འགུལ་སྐབས་སུ་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ་དང་ཡུལ་དངོས་འགྲེལ་སྦྱོངས་སོགས་ཀྱི་རྣམ་པ་བརྒྱུད་དེ་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། རོང་འབྲོག་མི་དམངས་མང་ཚོགས་གྱི་མཐོང་སར་དཔེར་མཚོན་རང་བཞིན་གྱི་འགྲིམ་འགྲུལ་དོན་རྐྱེན་དག་གི་ཉེན་ཁའི་རང་བཞིན་ལ་དབྱེ་ཞིབ་བྱས། རང་རྟོག་སྒོས་འགྲིམ་འགྲུལ་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་དང་། རང་ཉིད་ཀྱི་བདེ་འཇགས་ལ་འགོག་སྲུང་བྱེད་པའི་ཤེས་བྱ་ཡི་གལ་ཆེན་རང་བཞིན་ལ་རྒྱས་བཤད་བྱས། དེ་དང་ཆབས་ཅིག ཕན་ཚུན་ངོ་ཐུག་ནས་བསམ་བློ་བརྗེ་རེས་བྱེད་པའི་རྣམ་པ་དང་ཡུལ་དངོས་མང་ཚོགས་ཧུར་ཐག་སྒོས་བསམ་བློ་བརྗེ་རེས་ཀྱི་བྱ་འགུལ་ཁྲོད་ཟབ་ཞུགས་བྱེད་དུ་བཅུག འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དྲིལ་སྒྲོག་སྒོས་དྲིལ་སྒྲོག་གི་མཁའ་དབུགས་ལེགས་པོ་ཞིག་ཆགས་སུ་བཅུག

དུས་སྐབས་དེར་མི་དམངས་ཉེན་རྟོག་པ་མི4དང་ཉེན་རྟོག་པའི་རླངས་འཁོར1བཅས་བཏང་ནས་དྲིལ་སྒྲོག་དཔྱད་གཞིའི་ཡིག་ཆ200ལྷག་བཀྲམས། བྱ་འགུལ་སྤེལ་བ་བརྒྱུད་མང་རྫོང་མངའ་ཁོངས་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ལ་རྒྱུས་ལོན་དང་ངོས་འཛིན་གསལ་བོ་བྱས་པ་མ་ཟད། གྲོང་གསེབ་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་འགྲིམ་འགྲུལ་བྱང་ཚད་མཐོར་འདེགས་སུ་བཏང་ནས། མངའ་ཁོངས་དེའི་མང་ཚོགས་ཀྱི་འགྲོ་འདུག་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།