མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ(ཨང27པ)

ལུགས་རྙིང་ལོ་སར་ཚར་བཞིན་པའི་འགྲོས་དང་བསྟུན་ནས་མཚོ་སྔོན་ནང་ཁུལ་ཏུ་ཕྱིར་ལོག་མཁན་ཇེ་མང་དུ་འཕེལ་གྱིན་ཡོད་པས། ལོ་སར་རྗེས་ཀྱི་ཕྱི་ཡོང་རིམས་ནད་ནང་དུ་ཁྱབ་པའི་ཉེན་ཁ་སྔར་ལས་ཆེ་རུ་ཕྱིན། རིམས་ནད་འགོག་སྡོམ་ཕན་འབྲས་སྔར་ལས་སྲ་བརྟན་དུ་གཏོང་ཆེད། ལོ་སར་རྗེས་མཚོ་སྔོན་ནས་ཁ་བྲལ་ཏེ་ཕྱིར་ལོག་པའི་མི་སྣར་ཞིབ་བཤེར་དོ་དམ་ཚོད་འཛིན་གྱི་འབྲེལ་ཡོད་ལས་རིམ་འདི་དག་སྒྲུབ་དགོས་པའི་བརྡ་ཐོ་བཏང་བ་གཤམ་གསལ་ལྟར།

གཅིག ས་གནས་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་ལུགས་དང་ལོ་སར་སྐབས་ཀྱི་འགྲིམ་འགྲུལ་འདུ་འཛི་ཆེ་བའི་དུས་སྐབས་ཀྱི་འབྱུང་མི་ཆོག་པ་དྲུག་གི་བླང་བྱ་ལྟར་དུ། རིམས་ནད་འགོག་སྡོམ་གྱི་རང་བདག་འགན་འཁྲི་དངོས་འབེབས་དོན་གནས་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་མི་སྣར་ཞིབ་བཤེར་དང་དོ་དམ་གྱི་ལས་དོན་བཟང་བོར་སྒྲུབ་པ། ལོ་སར་རྗེས་མཚོ་སྔོན་ནས་ཁ་བྲལ་ཏེ་ཕྱིར་ལོག་པའི་མི་སྣའི་གནས་སྟངས་ལ་གོ་བ་མ་ནོར་བ་ལེན་པ། དུས་ལྟར་ཆ་འཕྲིན་གསབ་རེས་བྱེད་པ། ཕན་འབྲས་མཐོ་བའི་སྒོ་ནས་མཐུན་སྦྱོར་མཉམ་འགོག་གི་སྦྱོར་དངོས་ལག་ལེན་ཏུ་བསྟར་བ། ཞིབ་བཤེར་དོ་དམ་ཚོད་འཛིན་བྱ་བའི་ལས་རིམ་ཁག་གི་བྱེད་ཕྱོགས་ཞིབ་ཕྲ་དངོས་འབེབས་ནན་མོ་བྱེད་པ་བཅས་ལ་འབད་དེ། ཞིབ་བཤེར་དོན་གནས་ཡོང་བར་བྱེད་པ་དང་དོ་དམ་ཚོད་འཛིན་དོན་གནས་ཡོང་བར་བྱེད་པ། ཕྱི་ཡོང་རིམས་ནད་ནན་འགོག་དོན་གནས་ཡོང་བར་བྱེད་དགོས།

གཉིས། ས་གནས་སོ་སོས་ལོ་སར་རྗེས་ཀྱི་ཉེན་ཁ་འབྲིང་ཙམ་དང་ཆེས་ཆེ་བའི་ས་ཁུལ་དང་ཕྱི་ནས་མཚོ་སྔོན་དུ་ཡོང་བའི་མི་སྣར་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཐུན་མོང་ལོགས་བཀར་དང་ཉིང་སྐྱུར་ཚད་ལེན། སྨན་བཅོས་ལྟ་ཞིབ་སོགས་ཀྱི་འགོག་སྡོམ་བྱེད་ཕྱོགས་དངོས་འབེབས་ནན་མོ་བྱས་ཏེ། ཕྱི་ཡོང་རིམས་ནད་མི་འབྱུང་བ་དང་མི་མཆེད་པར་འགོག་སྲུང་དམ་དྲགས་བྱེད་དགོས། ཉེན་ཁ་ཅུང་ཆུང་བའི་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ཡོང་མཁན་ལ་རྒྱལ་ཁབ་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དངོས་འབེབས་བྱེད་དགོས།

གསུམ། ས་གནས་སོ་སོས་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཚོང་ཁྲོམ་ཉེ་འཁོར་གྱི་རང་འདེམ་ཚོང་ཁང་། འགྲིམ་འགྲུལ་ས་ཚིགས་སོགས་འདུ་ར་གཙོ་བའི་ཉེན་ཁར་ཞིབ་བཤེར་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་ལ། གཙང་སྦྲ་དང་དུག་སེལ། རླུང་རྒྱུ་བར་བྱེད་པ། མི་སྒེར་ངོས་ཀྱི་རིམས་འགོག་སྲུང་སྐྱོབ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་དངོས་འབེབས་བྱེད་དགོས། རིགས་སོ་སོའི་འདུ་གནས་ཀྱིས་རིམས་ནད་འགོག་སྡོམ་གྱི་རང་བདག་འོས་འགན་དངོས་འབེབས་བྱེད་པར་ལྟ་སྐུལ་གང་ལེགས་བྱས་ནས། ལུས་དྲོད་ཚད་ལེན་དང་ཁ་ཐུམ་རྒྱག་པ་སོགས་ཀྱི་རིམས་འགོག་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ཏེ།མི་སྣའི་འགྲོ་འོང་གི་ཚད་ལ་གོ་རིམ་ལྡན་པར་སྣེ་འདོམས་དང་འདུ་རའི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱེད་དགོས།

བཞི། ས་གནས་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྡོམ་གྱི་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ལོ་སར་སྐབས་ནང་ནས་ཕྱི་རུ་འགྲོ་མཁན་དང་ཕྱི་ནས་ནང་དུ་འོང་མཁན་ལ་མི་སྒེར་ངོས་ཀྱི་རིམས་འགོག་བཟང་བོ་གཉེར་དགོས་པར་དྲན་སྐུལ་བྱེད་དགོས། གཙོ་གནད་ས་ཁུལ་ནས་ཕྱིར་མཚོ་སྔོན་དུ་ལོག་མཁན་གྱིས་ཐོག་དང་པོར་གཞིས་ཁུལ་ཏུ་སོང་ནས་འབྱོར་ཐོ་བཀོད་རྗེས་འབྲེལ་ཡོད་རིམས་འགོག་བྱེད་ཕྱོགས་བརྩི་སྲུང་བྱེད་དགོས། དཔེར་ན་ཚ་བ་རྒྱས་པ་དང་གློ་ལུ་རྒྱག་པ། སྣའི་ཚོར་བྱ་ཉམས་པ་སོགས་ཀྱི་ནད་རྟགས་ཡོད་མཁན་གྱིས་དུས་ལྟར་ཁ་ཐུམ་བརྒྱབ་ནས། ཆེས་ཐག་ཉེ་སའི་སྨན་ཁང་གི་ཚ་རྒྱས་ཚན་ཁག་ཏུ་སོང་ནས་སྨན་བཅོས་བྱེད་དགོས་ལ། སྨན་བཅོས་བྱེད་སྐབས་རང་རྟོགས་སྒོས་གར་བསྡད་གར་སོང་གི་གནས་ཚུལ་ཞིབ་ཕྲ་ལྷག་ལུས་མེད་པར་བཤད་དགོས།

ལྔ། ས་གནས་དང་སྡེ་ཁག་སོ་སོས་མཐོང་ཆུང་ལྷོད་གཡེང་གི་བསམ་བློ་རིང་དུ་དོར་ནས། ལོ་སར་སྐབས་དང་ལོ་སར་སྐབས་ཀྱི་འགྲོ་འོང་འདུ་འཛི་ཆེ་བའི་དུས་སྐབས་སུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་ལུགས་ཀྱི་པྲོག་དབྱིབས་གློ་ཚད་རིམས་ནད་ཐག་གཅོད་གཅིག་བསྡུས་མཛུབ་སྟོན་ཞེས་པ་དངོས་འབེབས་ནན་མོ་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ་གྱི་རིམས་ནད་འགོག་སྡོམ་དམ་པོར་འཛིན་རྒྱུ་དང་། ལས་རིམ་གཙོ་བོ་དང་འདུ་གནས་གཙོ་བོ། མི་ཚོགས་གཙོ་བོ་བཅས་ཀྱི་དོ་དམ་ཚོད་འཛིན་བྱ་བར་ཤུགས་བསྣན་ནས། ནད་རྟགས་ངོས་ཟིན་བྱེད་པ་དང་ཆེས་སྔ་མོ་ནས་སྙན་ཞུ་འབུལ་བ། རིམས་ནད་བྱུང་ན་དུས་ལྟར་ཨ་ལན་སྟེར་ཐུབ་པ་དང་རིམས་འགོག་ཁྱབ་ཁོངས་ཚན་རིག་དང་མཐུན་ཞིང་གནད་དུ་འཁེལ་བ། ཐག་གཅོད་བྱེད་ཕྱོགས་བདེན་དངོས་ཁུངས་ཐུབ་ཡིན་པ་བཅས་བྱེད་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2020ལོའི་ཟླ2པའི་ཚེས15ཉིན།