རང་ཞིང་གིས་ཁྱོན་ཡོངས་ནས་གྲོང་གསེབ་ཀྱི་གཞུང་ལམ་ལ“ལམ་དཔོན་ལམ་ལུགས”ལག་བསྟར་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་སྡེ་ཁག་མང་པོར་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་ལ“ལམ་དཔོན་ལམ་ལུགས”ལག་བསྟར་བྱེད་པའི་ཇུས་གཞི》ལག་བསྟར་པར་སྐྲུན་འགྲེམས་སྤེལ་བྱས། དེའི་ནང2021ལོའི་ལོ་མཇུག་ལ་རྩ་བའི་ཆ་ནས“ལམ་དཔོན་ལམ་ལུགས”ཀྱི་རྩ་འཛུགས་དོ་དམ་མ་ལག་གསར་སྐྲུན་བྱ་རྒྱུ་གཏན་འབེབས་གསལ་བོར་བྱས་ཤིང་། 2022ལོའི་ལོ་མཇུག་ལ་ཁྱོན་ཡོངས་ནས་གྲོང་གསེབ་གཞུང་ལམ་གྱི“ལམ་དཔོན་ལམ་ལུགས”མངོན་འགྱུར་བྱ་རྒྱུ་ཡིན་ལ། 2025ལོར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ཟབ་ཚད་དང་རླངས་འཁོར་རྒྱུ་བའི་ནུས་པ། ལམ་གྱི་གནས་ཚུལ་ཆུ་ཚད། བདེ་འཇགས་ཆུ་ཚད། དོ་དམ་གསོ་སྐྱོང་ཆུ་ཚད། སྐྱེལ་འདྲེན་ཞབས་ཞུ་སོགས་བྱ་བའི་དམིགས་འབེན་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་རེད།

《ལག་བསྟར་ཇུས་གཞི》དེའི་ཁྲོད་བསྟན་དོན། རྫོང་དང་ཡུལ་ཚོ་རིམ་པའི་གཞུང་ལམ་རིམ་སྤར་མཐོར་འདེགས་ཀྱིས་གཞུང་ལམ་གཅིག་གསར་སྐྲུན་དང་དམིགས་འབེན་གཅིག་ཡོངས་འགྲུབ་ལ་འགན་སྲུང་བྱ་རྒྱུ། གྲོང་གསེབ་གཞུང་ལམ་གྱི་སྣུམ་ལམ་དང་གཞུང་ལམ་མི་བདེ་པ་ལ་དག་ཐེར་བྱེད་པའི་ནུས་ཤུགས་ཆེས་ཆེར་གཏོང་རྒྱུ། ལོ་རེ་རེར་གྲོང་གསེབ་གཞུང་ལམ་བདེ་འཇགས་ཀྱི་ཚེ་སྲོག་འགོག་སྲུང་སྒྲིག་ཆས་ཡང་རིམ་སྤར་བྱ་རྒྱུར། གྲོང་གསེབ་ལམ་གྱི་ལེགས་པོ་བཞི་ཡི་དཔེར་མཚོན་གསར་སྐྲུན་སྤུས་ཚད་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས། ཡུལ་ཚོ་སོ་སོར་མཛེས་སྡུག་གི་གྲོང་གསེབ་གཞུང་ལམ་སྐྲུན་པ་མངོན་འགྱུར་བྱ་རྒྱུ། 2025ལོར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་སོགས་རིམ་པ་ཅན་གྱི་གཞུང་ལམ་གྱི་སྡུར་ཚད་དེ་ཆ་སྙོམས་ཆུ་ཚད་ཀྱི85%ཡན་ལ་སླེབས་སུ་འཇུག་རྒྱུ་བཅས་ཡིན།

གྲོང་གསེབ་ལ་མཛེས་སྡུག་གི་གཞུང་ལམ་བསྐྲུན་པའི་རྒྱ་སྐྱེད་ནས་གཞུང་ལམ་དང་ཞིང་ས་སོ་སོར་བཀར་པ། གཞུང་ལམ་དང་སྡོད་ཁང་སོ་སོར་བཀར་རྒྱུར་སྐུལ་འདེད་བཏང་ནས། གཞུང་ལམ་ཤར་གཏོང་དང་བདེ་འཇགས། སྐྱིད་སྣང་། མཛེས་པ་བཅས་ཀྱི་ཁོར་ཡུག་ཤིག་གསར་སྐྲུན་བྱ་རྒྱུ། རྩ་བའི་ཆ་ནས་གྲོང་གསེབ་ཡོངས་ཀྱི་གཞུང་ལམ་གྱི་ཁྲིམས་སྲོལ་མ་ལག་འཐུས་ཚང་ཅན་ཏུ་བཏང་པ་དང་ལམ་ལ་གསོ་སྐྱོང་བྱེད་མཁན་ཡོད་པ་ནས་ལམ་ལ་ཞིག་གསོ་བྱེད་པའི་སྒོར་མོ་ཡོད་པ། ལམ་ལ་དོ་དམ་བྱེད་པའི་མི་སྣ་ཡོད་པ་བཅས་ཀྱི་བྱ་བའི་སྒྲིག་སྲོལ་གྲུབ་དུ་འཇུག་རྒྱུ། རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་གཞུང་ལམ་ཐོན་སྐྱེད་དང་གཞུང་ལམ་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རུ་དཔུང་གསར་སྐྲུན་གྱིས་ལམ་ལ་གཅེས་སྤྲས་བྱེད་པའི་ཡུལ་ཚོའི་སྒྲིག་སྲོལ་དམངས་ཆིངས་འཇོག་པ། སྡེ་སྲོལ་དམངས་ཆིངས་ཁྲོད་ལག་བསྟར་བྱེད་པའི་ཚད་གཞི་ཡང100%ལ་སླེབས་སུ་འཇུག་རྒྱུ།

ཁྱོན་ཡོངས་ནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་འགན་འཁྲི་གཙོ་བོ་ལག་བསྟར་དངོས་འབེབས་ཀྱིས་དུས་ལྟར་གྲོང་གསེབ་གཞུང་ལམ་གྱི་གནས་ཚུལ་ལ་དཔྱད་འཇོག་དང་མཇུག་མཐའི་དཔྱད་ཞིབ་རྩ་འཛུགས་སྒོས། བདག་སྐྱོང་རྒྱུ་སྤུས་མཐོར་འདེགས་དང་མ་དངུལ་བེད་སྤྱོད་ཕན་འབྲས་ལེན་རྒྱུར་ཧུར་བརྩོན་བྱ་དགོས། 2025ལོར་གྲོང་གསེབ་ཀྱི་གཞུང་ལམ་སྤུས་ལེགས་ཀྱི་ཚད་གཞི་དེ80%ཡན་ལ་སླེབས་སུ་འཇུག་རྒྱུ། གྲོང་གསེབ་གཞུང་ལམ་གྱི་བཟོ་སྐྲུན་རྒྱུ་སྤུས་དེ་དུས་ཡུན་རིང་ཞིང་གནོད་སྐྱོན་ནུས་པ་ཡང་མངོན་གསལ་གྱིས་མཐོར་འདེགས་བྱུང་དུ་འཇུག་རྒྱུ།

ས་ཚིགས་མང་པོ་གཞི་གཅིག་ཏུ་བསྲེས་པ་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་རྣམ་གཞག་གཞིར་བཟུང་ནས། གྲོང་གསེབ་ཀྱི་གཞུང་ལམ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་དང་ས་བབ་ཡུལ་བསྟུན་གྱིས་གྲོང་ཁྱེར་གྱི་སྤྱི་སྤྱོད་གཞུང་ལམ་རྒྱུན་བསྲིངས་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྤྱི་སྤྱོད་དེ་ཚོང་གཉེར་ཅན་དང་གྲོང་གསེབ་འགྲུལ་སྐྱེལ་རེས་འཁོར་གྱིས་ཁྱབ་ཁོངས་སུ་ཚོང་གཉེར་དང་སྔོན་དཔག་འབོད་བརྡ་སོགས་ཀྱིས་འགྲུལ་སྐྱེལ་རྩ་འཛུགས་རྣམ་གཞག་དང་འགྲུལ་སྐྱེལ་རེས་འཁོར་གྱིས་སྦྲགས་སྲིད་སོགས་དངོས་ཟོག་སྐྱེལ་འདྲེན་རྩ་འཛུགས་ཀྱི་རྣམ་གཞག་སྤྱད་ནས། གྲོང་གསེབ་འགྲུལ་སྐྱེལ་དེ་ཤར་གཏོང་ཐུབ་པ་དང་ཁེ་ཕན་ཡོད་པ་ཞིག་ལ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།