མཚོ་ལྷོ་མང་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་དོན་ཐད་ལ་བཏོན་པའི་གྲོས་འདོན་ཡི་གེ

རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམ་པ།

ཉེ་ཆར། རང་རྒྱལ་གྱི་ས་ཁུལ་ཁག་ཅིག་གི་ནགས་ཚལ་མེ་སྐྱོན་རིམ་པ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཞིང་།ཟླ2ཚེས9ཉིན་མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་ཐིན་གྱི་བཀོད་འདོམས་ལྟེ་གནས་དང་མེ་སྐྱོན་འགོག་བཅོས་དོ་དམ་ཁྲུའུ། ཞིང་ཆེན་གནམ་གཤིས་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་འོག་ཉེན་ཟོན་སྔོན་བརྡ་བཏང་སྟེ།ད་ལོའི་ལོ་སར་དུས་ཆེན་སྐབས་མཚོ་སྔོན་ཞིང་ཆེན་དུ་དུས་འགོའི་ཆར་བ་འབབ་ཚད་ཅུང་ཉུང་བ་དང་མཁའ་རླུང་སྐམ་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་རིམ་པ་མཐོ་བ་བཅས་ཀྱི་དྲན་སྐུལ་བྱས་ཡོད། ཉིན་དེར་མང་རྫོང་གནམ་གཤིས་ལས་ཁུངས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ཐད་ལ་ཉེན་བརྡ་སེར་པོ་བཏང་བའི་ནང་མང་རྫོང་ས་ཁུལ་དུ་ཉིན་བཅུར་བསྟུད་མར་རིམ་པ5ཡན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཐོན་སླ་པའི་ཉེན་བརྡ་བཏང་ཡོད་ལ། དེ་ནི་ཏག་ཏག་ལུགས་རྙིང་ལོ་སར་དུས་ཆེན་དང་བོད་ཀྱི་ལོ་སར་གཉིས་མཉམ་དུ་ཁེལ་པའི་སྐབས་དང་འཁེལ་ཡོད་པས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཀག་འགོག་ནུས་ལྡན་བྱ་ཆེད་ཚད་གཞི་མཐོན་པོའི་སྒོ་ནས་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བདེ་འཇགས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བཅས་ཀྱི་ཆེད་བྱ་བའི་གྲོས་འགོ་བཏོན་པ་གཤམ་གསལ་ལྟར།

གཅིག་ནས་རང་རྟོགས་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་ལྟ་སྐུལ་ཡག་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་གློ་བུར་རང་བཞིན་དང་གཏོར་བཤིག་རང་བཞིན་ཆེ་བ། ཐག་གཅོད་རོགས་སྐྱོར་བྱེད་དཀའ་བ་བཅས་ཀྱི་རང་བྱུང་གནོད་འཚེ་ཞིག་ཡིན་པས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་བྱེད་པར་མེ་ཁུངས་ཚོད་འཛིན་བྱ་རྒྱུ་ནི་ལྟེ་བར་འཛིན་དགོས། ཚང་མས་རང་རྟོགས་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ། ཕན་ཚུན་ལྟ་སྐུལ་དང་ཕན་ཚུན་དྲན་སྐུལ་བྱས་ནས་མེ་འབར་སླ་བ། འགས་གཏོར་སླ་བའི་དངོས་རྫས་སོགས་ཁྱེར་ནས་ནགས་ཁུལ་དུ་འགྲོ་མི་རུང་ལ། ནགས་ཁུལ་དུ་རང་དགར་ཐ་མག་འཐེན་པ་དང་མེ་ཁ་གསོ་བ། རྡོ་སོལ་གྱི་སྙིགས་རོ་བསྐྱུར་བ་སོགས་བྱེད་མི་རུང་ཞིང་། དེ་མིན་ནགས་ཁུལ་དུ་དུར་མཆོད་དང་སྤོས་སྒྲོན་པ། བསང་གཏོང་བ་དང་ཤོག་སྦག་བཀད་པ་སོགས་བྱེད་མི་རུང་བར་མ་ཟད། སྒྲིག་འགལ་ངང་ལྗོན་ཤིང་མེར་བསྲེགས་པ་དང་གད་སྙིགས་མེར་བསྲེགས་པ་སོགས་གཏན་འགོག་བྱས་ཏེ་ཐུན་མོང་གིས་ཕྱི་རོལ་གྱི་མེ་ཁུངས་གཏན་འགོག་བྱེད་དགོས།

གཉིས་ནི་རང་རྟོགས་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་སྒྲོག་ཡག་པོ་བྱེད་དགོས། ཉེ་བའི་ལོ་ཤས་རིང་རང་རྫོང་གི་སྣོད་བཅུད་འཛུགས་སྐྲུན་དང་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་། ནགས་ཚལ་ཁྲོད་འབར་སླ་བའི་དངོས་པོ་མང་དུ་ཕྱིན་པས། མེ་སྐྱོན་རིམ་པ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནས་ཚུལ་ཡག་པོ་དེ་ཙམ་མེད་པས་ཚང་མས་རང་འགུལ་ངང་ནང་མི་དང་གཉེན་ཉེ་སྤུན་མཆེད་ཚོར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་འབྲེལ་ཡོད་གཏན་འབེབས་དྲིལ་སྒྲོག་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་མེ་ཟོན་འདུ་ཤེས་དང་ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་མི་ཚང་མར་མེ་ཟོན་སྔོན་འགོག་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

གསུམ་ནི་རང་འགུལ་ངང་བདེ་འཇགས་དོགས་ཟོན་གྱི་དོ་དམ་པ་ཡག་པོ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་སེམས་ལ་འཇོག་པ་དང་འགན་འཁྲི་ཕྲག་ཏུ་འཁུར་བ། ལས་འགན་དོན་འཁྱོལ་བྱེད་པ་བཅས་མཐའ་འཁྱོངས་བྱ་དགོས་ལ། རང་ཉིད་ནས་འགོ་བཙུགས་ཏེ་རང་རྟོགས་ངང་གོམས་སྲོལ་བསྒྱུར་རྒྱུ་མཐའ་འཁྱོངས་བྱས་ཏེ་དུར་སར་བསྐྱོད་ནས་ཤོག་བུ་མེར་བསྲེགས་པ་དང་སྤོས་སྒྲོན་པ། ཤོག་སྦག་སྦར་པ་སོགས་ཀྱི་སྲོལ་ངན་དོར་ནས། མེ་ཏོག་གསོ་བ་དང་ཤིང་འཛུགས་སོགས་ཀྱི་ཤེས་དཔལ་དང་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་ལ། གལ་ཏེ་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཚེ་དུས་ཐོག་ཏུ་ཡུལ་ཚོ་དང་གྲོང་རྡལ་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པར་མ་ཟད། ཚང་མས་རང་རྟོགས་ངང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་ཕྱི་རོལ་དུ་མེ་སྤྱོད་རྒྱུ་གཏན་འགོག་བྱས་ཏེ། རི་མཐོ་ས་གཙང་ནི་རིན་ཆེན་གསེར་དངུལ་ལས་ལྷག་པའི་འདུ་ཤེས་ཐུན་མོང་ཐོག་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་རྩྭ་རའི་ཐོན་ཁུངས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་བྱེད་དགོས།

མང་རྫོང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་བཀོད་འདོམས་པུའུ།

2021ལོའི་ཟླ2པའི་ཚེས10ཉིན།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།