མང་རྫོང་སྤྱི་བདེ་ཅུའུ་ཡིས་ལོ་སར་ལ་ཕུལ་བའི་ཤིས་ཚིག

ལོ་གསར་པ་ཞིག་གི་གོམ་སྟབས་ཇེ་ཉེར་ཕྱིན་པ་དང་མཉམ་དུ།ང་ཚོ་རེ་ལྟོས་ཀྱི་ཁེངས་པའི2021ལོར་དགའ་བ་འབུམ་གྱིས་བསུ་བ་བྱེད། འདས་ཟིན་པའི་ལོ་གཅིག་གི་ནང་དུ་མང་རྫོང་སྤྱི་བདེ་ཅུའུ་ཡི་ཉེན་རྟོག་པ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་རྫོངཏང་ཨུ་དང་རྫོང་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཐུགས་ཁུར་ཟབ་མོ་དང་རྒྱབ་སྐྱོར་ཤུགས་ཆེན་འོག ལོ་རྒྱུས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་སྟེང་སླར་ཡང་གོམ་གང་མདུན་དུ་སྤོས་ཡོད། འདས་ཟིན་པའི་ལོ་ཧྲིལ་པོར་ཕྱིར་དྲན་བྱེད་སྐབས་ང་ཚོས་ཏང་ལ་བློ་དཀར་ཞིང་དམངས་ལ་ཞབས་ཞུ་སྒྲུབ། ཁྲིམས་འཛིན་དྲང་གཞག་དང་སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་མཛུབ་ཁྲིད་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ། རང་རྟོགས་ངང་བཀའ་བཀོད་དང་ལེན་དང་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་བསྟུན་པ། སྤྱི་བདེ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ནན་ཏན་ངང་བསྒྲུབས་པ་བཅས་བྱས་ནས་ལོ་ཧྲིལ་བོ་གཅིག་གི་ལས་འགན་ཕུན་སུམ་ཚོགས་པར་ལེགས་གྲུབ་བྱུང་ཡོད། མི་བསད་གྱོད་གཞི་ངེས་པར་དུ་བརྟོལ་བ་དང་ནག་འཇོམས་ངན་སེལ། གྱོད་གཞི་རྩད་ཆོད། བརྟན་ལྷིང་སྲུང་སྐྱོང་། བདེ་འཇགས་དོ་དམ། ཉེས་གསོག་སྔོན་འགོག དཔལ་འབྱོར་ཞབས་ཞུ། ཉེན་རྟོག་ནན་སྐྱོང་། སྣང་བརྙན་གསར་བཞེངས་སོགས་ཀྱི་ཐད་ཕན་འབྲས་གལ་ཆེན་ཐོན་ནས་དུས་བདེའི་མང་རྫོང་བསྐྲུན་པར་བྱས་རྗེས་མི་དམན་པ་བཞག་ཡོད།

ལོ་གསར་པ་འདིར་ང་ཚོས་སྔར་བཞིན་འགན་འཁྲི་དང་ལེན་བྱས་ནས་བདེ་ཞིང་སྐྱིད་པའི་ཕ་ཡུལ་མང་རྫོང་བསྐྲུན་རྒྱུ་དམིགས་ཡུལ་དུ་བཟུང་ནས། བཅོས་བསྒྱུར་འབུར་ཐོན་བྱས་ཏེ་ཉེན་རྟོག་ལས་དོན་གཟེངས་སུ་ཐོན་པ་དང་། དོ་དམ་འབུར་ཐོན་བྱས་ཏེ་བདེ་འཇགས་ལ་འགན་ལེན་བྱེད་པ། ཞབས་ཞུ་འབུར་ཐོན་བྱས་ཏེ་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ། བྱང་ཚད་འབུར་ཐོན་བྱས་ཏེ་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་བྱས་ནས་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་གནས་ཚུལ་ལ་ཁ་ལོ་སྒྱུར་པ། ཐོལ་བྱུང་དོན་རྐྱེན་ལ་ཐག་གཅོད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། དུས་བདེའི་མང་རྫོང་དང་འཆམ་མཐུན་མང་རྫོང་གི་ཆེད་དུ་འབད་པ་བྱེད་དགོས།

ལོ་རྙིང་བ་ཞིག་ཕར་སྐྱེལ་ནས་ལོ་གསར་པ་ཞིག་ཚུར་ལ་བསུ་བའི་སྐབས་འདིར། མང་རྫོང་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་ཁྱེད་དང་ཁྱེད་ཀྱི་ཁྱིམ་མི་ཚང་མར་བླ་ན་མེད་པའི་གུས་འདུད་དང་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ། ལོ་གསར་བའི་ནང་ཁྱེད་ཀྱིས་ཁྱིམ་ཚང་ལ་བདེ་སྐྱིད་ལྡན་ཞིང་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་པ། གཟུགས་པོ་བདེ་ཐང་ཡོང་བའི་སྨོན་འདུན་སྙིང་ནས་ཞུའོ།།

མང་རྫོང་སྤྱི་བདེ་ཅུའུ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།