པྲོག་གསར་ནད་དུག་ཁུངས་འདེད་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོཊ་འདུ།

ཀྲུང་གོ—འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་པྲོག་གསར་ནད་དུག་ཁུངས་འདེད་ཞིབ་འཇུག་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཚེས་9ཉིན་ཝུའུ་ཧན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། གོ་ལ་ཧྲིལ་པོའི་པྲོག་གསར་ནད་དུག་ཀྱི་ཁུངས་འདེད་ཁོངས་ཀྱི་ཀྲུང་གོའི་ཆའི་ལས་དོན་སྤེལ་ཚུལ་བརྡ་ཁྱབ་བཏང་བ་རེད།

2019ལོའི་ལོ་མཇུག་ཏུ།པྲོག་གསར་གློ་ཚད་ཀྱི་རིམས་ནད་ཝུའུ་ཧན་གྲོང་ཁྱེར་དུ་ཐོན་ཡོད་ཅིང་། ཀྲུང་གོས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་རང་འགུལ་ངང་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། ཆེས་ཆ་ཚང་དང་ཆེས་ནན་པོའི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་པས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་རྒྱུན་མཐུད་ངང་མཆེད་བཞིན་ཡོད་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཛུབ་ཁྲིད་དང་མ་འོངས་པར་རིམས་ནད་ཆེན་པོ་མི་ཐོན་སྔོན་འགོག་བྱ་ཆེད། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་ནད་དུག་གོ་ལ་ཧྲིལ་པོའི་ཁུངས་འདེད་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2020ལོའི་ཟླ7པར་གྲོས་ཐག་བཅད་པའི་ལས་འགན་ཡི་གེ(TOR)ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏང་བའི་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་2021ལོའི་ཟླ་1ཚེས་14ཉིན་ཝུའུ་ཧན་དུ་འབྱོར་མ་ཐག་ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་དང་མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་པ་དང་འབྲེལ་རིམས་ནད་རིག་པ་དང་། ཆ་རྡུལ་ཁུངས་འདེད། སྲོག་ཆགས་དང་ཁོར་ཡུག་བཅས་ཚོགས་ཆུང་གསུམ་ལ་དབྱེ་ནས་གོ་ལ་ཧྲིལ་པོའི་ཁུངས་འདེད་ཁོངས་ཀྱི་ཀྲུང་གོའི་ཆའི་ལས་དོན་ཐུན་མོང་ཐོག་སྤེལ་ཡོད།

མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཐུན་མོང་ཐོག་རིམས་ནད་དང་འབྲེལ་ཡོད་གྲངས་གཞིའི་དཔྱད་ཡིག་འབོར་ཆེན་ལ་ཞིབ་འཇུག་བྱས་པ་མ་ཟད། ཅིན་ཡིང་ཐན་སྨན་ཁང་དང་། ཧྭ་ནན་མཚོ་ཟས་ཚོང་ར། ཀྲུང་གོ་ཚན་རིག་ཁང་ཝུའུ་ཧན་ནད་དུག་ཞིབ་འཇུག་ཁང་བཅས་ཚུད་པའི་ཚན་པ་9ལ་རྟོག་ཞིབ་བྱས་པ་དང་། སྨན་བཅོས་མི་སྣ་དང་། ཚོད་ལྟ་ཁང་གི་མི་སྣ། ཚན་ཞིབ་མི་སྣ། ཁྲོམ་རའི་དོ་དམ་མི་སྣ་དང་ཚོང་དུད། སྡེ་ཁུལ་གྱི་ལས་དོན་པ། ཁམས་གསོ་བྱེད་བཞིན་པའི་ནད་པ། ལུས་སྲོག་བློས་བཏང་བའི་སྨན་བཅོས་མི་སྣའི་ཁྱིམ་མི། སྡོད་དམངས་སོགས་དང་བསམ་ཚུལ་བརྗེ་རེས་རྒྱ་ཁྱབ་ཏུ་བྱས་ཐོག ཚན་རིག་དང་མཐུན་པའི་ངོས་འཛིན་གཅིག་མཐུན་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་བ་བྱས་མཐར་མཉམ་འབྲེལ་ཞིབ་འཇུག་གི་གྲུབ་འབྲས་རྩ་བའི་ཆ་ནས་གྲུབ་ཡོད་པ་དེའི་ནང་གཙོ་བོ་གཤམ་གསལ་ཚུད་ཡོད་པ་སྟེ།

ཕ་ཝང་དང་ན་གིའི་ཁྲོད་དུ་པྲོག་གསར་ནད་དུག་གི་རྒྱུད་རྒྱུ་རིམ་ཕྲེང་དང་ཚད་མཐོའི་འདྲ་མཚུངས་ཀྱི་པྲོག་དབྱིབས་ནད་དུག་ཡོད་པ་ཤེས་མོད། འོན་ཀྱང་འདྲ་མཚུངས་ཚད་དེ་པྲོག་དབྱིབས་ནད་དུག་གི་ཐད་ཀའི་འབྱུང་ཁུངས་ཡིན་པ་ཏན་ཏན་བཤད་མི་ཐུབ། ཨོག་དཀར་དང་ཞི་ལ་སོགས་པའི་སྲོག་ཆགས་ནི་པྲོག་གསར་ནད་དུག་གི་ཚད་མཐོའི་རེག་སླ་བའི་གྲས་ཤིག་ཡིན་པ་དང་། ཕ་ཝང་དང་། ན་གིའམ་ཡང་ན་སྲེ་མོང་གི་རིགས། བྱི་ལ་རིགས་དང་། དེ་མིན་དངོས་རིགས་གཞན་དག་ཚང་མ་ནི་མངོན་མེད་ཀྱི་རང་བྱུང་གནས་བདག་ཡིན་རྒྱུ་བསྟན་པ་རེད།

ཧྭ་ནན་མཚོ་ཟས་ཁྲོམ་ར་སྒོ་བརྒྱབ་རྗེས་ཀྱི་ཁོར་ཡུག་ལ་ཞིབ་དཔྱད་ཚད་ལེན་བྱས་པ་ལས་ཕྱོགས་ཀུན་ཏུ་པྲོག་གསར་ནད་དུག་གི་སྦགས་བཙོག་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་ཁྲོད་ཆུ་ཐོན་ཚོང་སའི་གནས་ཚུལ་དེ་བས་མངོན་གསལ་དོད་ཅིང་། ཧྭ་ནན་མཚོ་ཟས་ཁྲོམ་རའི་པྲོག་གསར་ནད་དུག་དེ་ནད་འགོས་མཁན་དང་། སྦགས་བཙོག་ཐེབས་པའི་འཁྱགས་ཕྲེང་ཐོན་རྫས། སྲོག་ཆགས་ཐོན་རྫས་སོགས་བརྒྱུད་ནས་ནང་འདྲེན་སྲིད་ཀྱང་ད་ལྟ་གཏན་འཁེལ་བྱ་ཐབས་མེད། ཁྲོམ་ར་དེའི་སྲོག་ཆགས་ཀྱི་ཐོན་རྫས་ལ་ཞིབ་བཤེར་ཚད་ལེན་གཞི་ཁྱོན་ཆེན་པོས་བྱས་ཀྱང་གདགས་གཤིས་རྙེད་མེད། ཧུའུ་པེ་ཞིང་ཆེན་གྱི་ཕ་ཝང་དང་དེ་བཞིན་ཀྲུང་གོའི་ས་གནས་ཁག་གི་སྒོ་ཕྱུགས་དང་། ཁྱིམ་བྱ། བདག་ཏུ་མ་བཟུང་བའི་སྲོག་ཆགས་བཅས་ལ་ཞིབ་བཤེར་ཚད་ལེན་མང་པོ་བྱས་ཀྱང་ཚང་མ་ནས་པྲོག་གསར་ནད་དུག་རྙེད་མེད་པ་དང་། རིམས་ནད་ཐོན་པའི་སྔ་རྗེས་སུ་ཏོག་གསར་ནད་དུག་དེ་སྒོ་ཕྱུགས་དང་ཁྱིམ་བྱ། བདག་ཏུ་མ་བཟུང་བའི་སྲོག་ཆགས་བཅས་སུ་འཁོར་སྐྱོད་ཀྱི་ཕོག་པའི་དཔང་རྟགས་རྙེད་མེད།

2019ལོའི་ཟླ་12པར་ཝུའུ་ཧན་གྲོང་ཁྱེར་གྱི་མི་རྣམས་ཀྱི་ཁྲོད་དུ་པྲོག་གསར་ནད་དུག་གཞི་ཁྱོན་ངེས་ཅན་ཐོག་འགོས་ཁྱབ་ཡོད་པ་དང་ནད་པ་མང་ཆེ་བ་ཟླ་སྨད་དུ་ཐོན་ཡོད། ཧྭ་ནན་མཚོ་ཟས་ཁྲོམ་ར་ནི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པའི་གནས་ཤིག་ཡིན་ལ་རིམས་ནད་ལ་ཐོག་མའི་དུས་སུ་ནད་ཡམས་ཚོད་འཛིན་སྡེ་ཚན་གྱིས་དོ་ཁུར་བྱེད་པའི་གཙོ་གནད་ས་ཆ་ཞིག་ཀྱང་ཡིན་མོད། འོན་ཀྱང་སྔ་དུས་ཀྱི་ནད་དཔེ་བཙལ་འཚོལ་དང་དབྱེ་ཞིབ་བྱས་པ་ལས་མངོན་གསལ་བྱུང་བ་སྟེ། ཧྭ་ནན་མཚོ་ཟས་ཁྲོམ་རར་ནད་དཔེ་ཐོན་པ་དང་དུས་མཚུངས་ཝུའུ་ཧན་གྲོང་ཁྱེར་གྱི་ས་ཆ་གཞན་དུའང་ནད་དཔེ་ཐོན་ཡོད་པ་རེད།

མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་པྲོག་གསར་ནད་དུག་དེ་རང་བྱུང་གི་གནས་བདག་ནས་ཐད་ཀར་འགོས་ཁྱབ་དང་འཁྱགས་ཕྲེང་ཟས་རིགས་དང་། དཀྱིལ་གནས་བདག་པོ། ཚོད་ལྟ་ཁང་སོགས་ཐབས་ལམ་བཞི་ནས་མིའི་རིགས་ལ་ནང་འདྲེན་འབྱུང་སྲིད་པའི་རང་བཞིན་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་མཐར།པྲོག་གསར་ནད་དུག་ནི་དཀྱིལ་གྱི་གནས་བདག་བརྒྱུད་ནས་མིའི་རིགས་ལ་ནང་འདྲེན་བྱེད་“སྲིད་པ་”དང་། མིའི་རིགས་ལ་ཐད་ཀར་ཁྱབ་སྤེལ་“ཅུང་སྲིད་པ”འམ་ཡང་ན་འཁྱགས་ཕྲེང་བཟའ་བཅའ་བརྒྱུད་ནས་མིའི་རིགས་ལ་ནང་འདྲེན་“ཅུང་སྲིད་པ་”ལས་ཚོད་ལྟ་ཁང་བརྒྱུད་ནས་མིའི་རིགས་ལ་ནང་འདྲེན་“གཏན་ནས་མི་སྲིད་པའི”ངོས་འཛིན་བྱས་པ་རེད།

མཉམ་འབྲེལ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་གོམ་སྟབས་རྗེས་མའི་གོ་ལ་ཧྲིལ་པོའི་ཁུངས་འདེད་ལས་དོན་ཐད་གྲོས་འགོ་བཏོན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།