“ང་རང་མ་ཡུམ་ཆུ་བོར་དགའ”ཞེས་པའི་རྨ་ཆུའི་རིག་གནས་དར་སྤེལ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ཆེན་མོ་བདེ་བླག་ངང་མཇུག་སྒྲིལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན“ང་རང་མ་ཡུམ་ཆུ་བོར་དགའ”ཞེས་པའི་རྨ་ཆུའི་རིག་གནས་དར་སྤེལ་སྐབས་དང་པོའི་རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ཆེན་མོ་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཟི་ལིང་དུ་འཚོག་ཤིང་། བྱེད་སྒོའི་ཡུལ་དངོས་སུ་འགྲན་བསྡུར་ཆེན་པོའི་ཁྲོད་བྱ་དགའ་ཐོབ་པའི་བརྩམས་ཆོས200ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། ཧྲིན་ཀྲང་གཞོན་པ་དབྱང་ཕུང་ཁྲུན་བྱ་དགའ་སྤྲོད་པའི་མཛད་སྒོ་ལ་ཞུགས་པ་དང་འབྲེལ་བྱ་དགའ་གནང་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ལ། འགྲན་བསྡུར་དེ་2020ལོའི་ཟླ་5པར་འགོ་ཚུགས་པ་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་ཐུགས་ཁུར་གནང་བ་མ་ཟད་སྤྲོ་སེམས་ཆེན་པོས་ཟབ་ཞུགས་བྱས་ཡོད་པ་རེད། བྱེད་སྒོ་སྤེལ་རིང་རྒྱལ་ཡོངས་ཀྱི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་མཁས་ཅན་དང་ཡིག་རིས་ལ་དགའ་པོ་བྱེད་མཁན་གྱི་བརྩམས་ཆོས་ཁྱོན་2580འབྱོར་བའི་ནང་ད་དུང་སིང་ཀ་ཕོར་སོགས་ཕྱི་རྒྱལ་གྱི་རྩོམ་པ་པོས་ཀྱང་རྩོམ་ཡིག་བསྐུར་ཡོད། འདི་ནི་མཚོ་སྔོན་གྱི་རིག་གནས་ལ་བཅངས་པའི་ཡིད་ཆེས་ཀྱི་གསོན་ཉམས་ལྡན་པའི་འགྲེལ་བཤད་ཅིག་ཡིན། སྒྱུ་རྩལ་པ་རྣམས་ཀྱིས་མཚོ་སྔོན་གྱི་རྒྱང་རིང་གི་ཡིད་དབང་འཕྲོག་ཤུགས་བརྒྱུད་སྤྲོད་བྱེད་བཞིན་ཡོད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་བྱ་གཞག་ཁག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་མཚོན། མཚོ་སྔོན་གྱི་རྨ་ཆུའི་རིག་གནས་གཏམ་རྒྱུད་རྒྱུན་འཛིན་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ་རིག་གནས་ཀྱི་བར་མཐོངས་རྒྱ་ཆེར་བཏང་བ་དང་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བས་རྨ་ཆུའི་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་མ་ཟད།དུས་རབས་གསར་པར་མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་དང་།རིག་གནས་ཀྱི་གདེང་ཚོད་མངོན་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མིང་བྱང་གསར་པ་ཞིག་ཏུ་གྱུར་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། རྨ་ཆུའི་རིག་གནས་ཀྱི་ནང་དོན་སྔར་བས་སྔོག་འདོན་གཏིང་ཟབ་བྱས། སྤུས་ཚད་མཐོ་བའི་འཆར་འགོད་རབ་དང་རིམ་པ་བཟོས་པ་དང་།སྤུས་ཚད་མཐོ་བའི་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་གྲུབ་པ།སྤུས་ཚད་མཐོ་བའི་ལས་གྲྭ་ཁག་ཅིག་ལག་བསྟར་བྱས་པ།ཁྱད་ཆོས་ལྡན་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།བརྩམས་ཆོས་སྤུས་དག་ཁག་ཅིག་གསར་སྐྲུན།ཡུལ་སྐོར་ལམ་ཐིག་སྤུས་དག་ཁག་ཅིག་གསར་འདོན།ཨང་ཀིའི་དཀར་ཆག་ཆ་ཚང་ཞིག་གསར་སྤེལ།ཞིང་ཆེན་རིམ་པའི་རྨ་ཙོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་ཞིག་གསར་འཛུགས།མཚོ་སྔོན་གྱི་རྨ་ཆུའི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ནུས་ལྡན་བཅས་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།