ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིས་བྱ་བའི་ཚོགས་འདུ་བསྡུས་པ།

— ཝང་ཅན་ཅོན་དང་ཞིན་ཁྲང་ཞིན་གཉིས་ཀྱིས་བྱ་བའི་ཐད་ལ་བླང་བྱ་བཏོན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བའི་གྲོས་ཚོགས་དེ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིན་གཉིས་ཀྱིས་བྱ་བའི་ཐད་ལ་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། མི་ཤུགས་ཐོན་ཁུངས་ནི་ཐོན་ཁུངས་རྩ་ཆེན་ཤིག་དང་སྤྱི་ཚོགས་འགན་སྲུང་ནི་དངོས་ཡོད་ཀྱི་འགན་ལེན་ཞིག་ཡིན། 2020ལོར་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་མི་དམངས་གོང་དུ་བཀུར་བ་དང་དམངས་འཚོར་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡམས་འགོག་ཁྲོད་ལས་ཞུགས་ཀྱི་གཞི་རྩའི་ལས་དོན་ཇེ་བརྟན་དུ་བཏང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དམངས་འཚོའི་གཞི་རྩའི་ལས་དོན་བཀོད་སྒྲིག་བྱས་ནས“བརྟན་སྲུང་དྲུག”དང“འགན་ལེན་དྲུག”གི་ལས་འགན་ལེགས་སྒྲུབ་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་ལ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ཏེ། དུས་མཚམས་གསར་པ་སྟངས་འཛིན་དང་འདུ་ཤེས་གསར་པ་ལག་བསྟར། སྒྲིག་གཞི་གསར་པ་གསར་གཏོད་བཅས་ཀྱི་ཁྲོད་ལས་ཀའི་ཟུང་འབྲེལ་བྱེད་གནས་དང་།ཤུགས་རྒྱག་ས།ཚད་བརྒལ་བྱེད་ས་བཅས་བཙལ་ནས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཕུལ་བྱུང་གྲུབ་འབྲས་བླངས་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཞིན་ཁྲང་ཞིན་གྱིས་ནན་བཤད་གནང་དོན། འདས་ཟིན་པའི་ལོ་ངོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་སེལ་གང་ཐུབ་དང་འགན་འཁུར་ཕོད་པ། ཕྱོགས་བསྡུས་ཇུས་འགོད། ལས་ཞུགས་ལས་གཏོད། སྤྱི་ཚོགས་འགན་སྲུང་། ཤེས་ལྡན་མི་དོན། ངལ་རྩོལ་འབྲེལ་བ། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་བླངས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། དེའི་ཁྲོད་ལས་ཞུགས་ལས་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཟེངས་བསྟོད་བརྡ་ཁྱབ་སྤེལ་མྱོང་། ལོ་གསར་པའི་ནང་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་དུ་སྤེལ་ནས། མི་དམངས་སྲོག་ཤིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་དང་། ལས་ཞུགས་ཐད་ཀྱི་དམིགས་གསལ་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ། ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། རྩལ་ནུས་ཤེས་ལྡན་མི་སྣའི་འཕེལ་རྒྱས་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ངལ་རྩོལ་འབྲེལ་བ་ཞི་མཐུན་མཉམ་སྐྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེན་པོ་ཞིག་འབུལ་དགོས་ཞེས་བཤད།

དབྱང་ཀྲི་ཝུན་གྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་དང“ལོ་ལྔའི་འཆར་གཞི་་བཅུ་བཞི་པའི”ལས་འགན་གཙོ་བོ་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་། ཁོས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་སད་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གཙོ་གནད་འབུར་ཐོན་དང་གཅིག་གྱུར་འཆར་འགོད་ངང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་སྒོས་གསར་གཏོད་བྱ་དགོས་པའི་བླང་བྱ་བཏོན། དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ཞུགས་སྟོན་ཕྱོགས་མཐའ་འཁྱོངས་དང་།སྲིད་ཇུས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན། གནད་སྨིན་ཞབས་ཞུ་ཡག་པོ་བཅས་བྱས་ནས་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཧུར་ཐག་ཐུབ་པ་བྱེད་དགོས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་དང་།དམངས་འཚོ་འགན་ལེན་གྱི་མཐའ་ཚད་བརྟན་དུ་གཏོང་བ།མཐའ་སྐྱོང་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དེ་བས་འཐུས་སྒོ་ཚང་བའི་སྤྱི་ཚོགས་འགན་ལེན་གྱི་མ་ལག་ཅིག་གཏོད་དགོས། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་ནས་མི་འདེམས་སྤྱོད་དང་མི་གསོ་སྐྱོང་གི་ཐབས་ལམ་རྒྱ་ཆེར་བཏང་སྟེ་ཤེས་ལྡན་མི་སྣའི་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མཐའ་འཁྱོངས་དང་།ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།བཅོས་སྐྱོང་གི་ཕན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ།ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བཅས་བྱེད་དགོས། ནན་པོ་དང་དྲང་གཞག་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།ཁོངས་གཏོགས་ཀྱི་ལས་རིགས་སྤྱོད་ཚུལ་ལེགས་སུ་གཏོང་བ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི2016ལོ་ནས་2020ལོའི་བར་གྱི་སྔོན་ཐོན་སྡེ་ཁག་དང་མི་སྒེར་བཅས་ལ་གཟེངས་བསྟོད་བྱས། 2020ལོའི་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི“རིམས་ནད་སྔོན་འགོག་དང་ལས་ཞུགས་བརྟན་སྲུང”ལས་དོན་ལ་དཔེར་མཚོན་རང་བཞིན་མངོན་གསལ་དོད་པོ་ལྡན་པའི་སྡེ་ཚོགས་དང་མི་སྒེར་ལ་ཡང་གཟེངས་བསྟོད་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།