གྲོང་གསེབ་ཀྱི་ས་ཞིང་སྤྱོད་སྒོའི་ཐད་གཏན་འབེབས་འདི་འདྲ་བྱས་འདུག

ཉེ་ཆར། རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་མཉམ་འབྲེལ་བརྡ་ཐོ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་ས་ཞིང་བེད་སྤྱོད་ཁྱབ་ཁོངས་གཏན་འཁེལ་ཁ་གསལ་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བར་ས་ཞིང་བེད་སྤྱོད་ཀྱི་ཆ་རྐྱེན་མཁོ་འདོན་བྱས་ཡོད་པ་རེད།

གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་སུ་སྤྱོད་པའི་ས་ཞིང་དེ་ཞིང་ལས་དང་གྲོང་གསེབ་ཀྱི་ཐོན་ཁུངས་ལ་རྒྱབ་རྟེན་བྱས་ནས། ཞིང་ལས་དང་གྲོང་གསེབ་ཀྱི་བྱེད་ནུས་རྒྱ་ཆེ་རུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་བསྲིངས་ནས་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ལས་སྣོན། འཁོར་རྒྱུགས། རང་ས་རུ་འཛད་སྤྱོད་བྱེད་པ་སོགས་ཀྱི་ལྷུ་ཚིགས་སུ་ཁྱབ་པ་བྱས་ཏེ། ཞིང་ལས་ཐོན་རྫས་ལ་ལས་སྣོན་དང་འཁོར་རྒྱུགས། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར། གློག་རྡུལ་ཚོང་དོན་སོགས་མཉམ་བསྲེས་མཉམ་འབྲེལ་གྱི་ཐོན་ལས་སོགས་ཀྱི་བྱེད་ཡུལ་དུ་སྤྱོད་ཆོག་པ་དང་། ས་ཞིང་གི་སྤྱོད་སྒོ་དེ་བཟོ་ལས་སུ་སྤྱོད་པའི་ས་ཞིང་དང་། ཚོང་ལས་སུ་སྤྱོད་པའི་ས་ཞིང་། ཟོག་འགྲེམ་གསོག་ཉར་དུ་སྤྱོད་པའི་ས་ཞིང་སོགས་སུ་དབྱེ་ཆོག་ངེས། དེ་དང་ཆབས་ཅིག་སྡེ་ཚན་གསུམ་པོས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཐད་དུ་སྤྱོད་པའི་ས་ཞིང་དེ་ཚོང་ཟོག་སྡོད་ཁང་དང་། སྤྲོ་ཁང་། མགྲོན་ཁང་། ལས་ཤག་སོགས་ཀྱི་ས་ཁང་ཐོན་ལས་གསར་སྤེལ་དུ་སྤྱོད་མི་ཆོག་པ་དང་། རང་འདོད་ལྟར་སྤྱོད་སྒོ་བསྒྱུར་པའམ་ཡང་ན་ས་བགོས་ནས་གཞན་ལ་བོགས་མར་གཏོང་བ་སོགས་བྱེད་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད།

རང་བྱུང་ཐོན་ཁུངས་པུའུ་ཡིས་ས་ཞིང་གི་སྤྱོད་སྒོ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ནས་རྨོ་ཞིང་“ཞིང་ལས་མིན་པའི”བྱེད་སྤྱོད་སྤེལ་བར་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། སྒྲིག་འགལ་ངང་རྨོ་ཞིང་སྟེང་གྲོང་གསེབ་ཀྱི་ཐོན་ལས་འཛུགས་སྐྲུན་བྱེད་མི་ཆོག་པ་དང་། རྨོ་ཞིང“འབྲུ་རིགས་མིན་པ་ཅན”དུ་འགྱུར་བར་སྔོན་འགོག་དང་། རྨོ་ཞིང་སྦགས་བཙོག་བྱེད་མི་ཆོག་པ་སོགས་བསྟན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།