ཞིང་ཆེན་བུད་མེད་ལྷན་ཚོགས་དང་མཚོ་སྔོན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་དཀའ་ཁག་ཅན་གྱི་བྱིས་པ་དག་ལ་ཐུགས་ཁུར་དང་སྨོན་འདུན་ཞུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། དུས་ཆེན་གཉིས་ཀྱི་དྲོད་ཁོལ་སྐྱེལ་པའི་བྱ་འགུལ་ཁྲོད། ཞིང་ཆེན་བུད་མེད་ལྷན་ཚོགས་དང་མཚོ་སྔོན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་དབུལ་སྐྱོར་རོགས་སྒྲུབ་སྟེགས་བུ་གསར་སྐྲུན་བྱས་ཞིང་། སྔ་གཞུག་ཏུ་གྲོང་ཁྱེར་དང་ཁུལ། རྫོང་། ཡུལ་ཚོ་དང་གྲོང་རྡལ། གཞིས་ཁུལ་བཅས་ཀྱི་ཁྱིམ་ཚང་ལ་སོང་སྟེ་དོན་དངོས་ཐོག་གཟིགས་སྐྱོང་བྱེད་མཁན་མེད་པའི་བྱིས་པ་དང་དཀའ་ཁག་ཆེ་བའི་བྱིས་པ30ལ་ཁམས་འདྲི་བྱས་ནས། ཁོ་ཚོར་བུད་མེད་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི་ཐུགས་ཁུར་དང་བྱམས་བརྩེ་གནང་པས། ཁོ་ཚོས་དྲོད་ཁོལ་དང་སྤྲོ་སྐྱིད་ཀྱི་ལོ་གསར་པའི་དུས་ཆེན་ཞིག་རོལ་པ་རེད།

མཚོ་ལྷོ་ཁྲིན་མེ་བྱམས་བརྩེ་ཐེབས་རྩ་ཚོགས་པས་སྤེལ་པའི་བྱིས་པ་དྭ་ཕྲུག་ལ་རོགས་རམ་དང་ཐུགས་ཁུར་བྱེད་པའི་སྤྱི་ཕན་རྣམ་གྲངས་དེ2018ལོར་རང་ཞིང་དུ་ལག་བསྟར་བྱས་པ་ནས་བཟུང་། མཚོ་སྔོན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ནི་མཚོ་སྔོན་ས་ཁུལ་དུ་རྣམ་གྲངས་དེ་ལག་བསྟར་བྱེད་མཁན་དུ་གྱུར། ཞིང་ཆེན་ཧྲིལ་བོའི་རིམ་པ་སོ་སོའི་བུད་མེད་ལྷན་ཚོགས་ཀྱི་རྩ་འཛུགས་དང་རྒྱབ་སྐྱོར་རམ་འདེགས་འོག་བསྟུད་མར་ལོ་ངོ་གསུམ་གྱི་རིང་ལ་བྱིས་པ་བདག་མེད969ལ་རོགས་སྐྱོར་བྱས་ཤིང་། ཁྱོན་བསྡོམས་པས་རྣམ་གྲངས་མ་དངུལ་སྒོར་ཁྲི324བརྩོན་ལེན་བྱས།

2020ལོར་རང་ཞིང་དུ་བྱིས་པ་བདག་མེད356ནི“བརྩེ་བའི་རོགས་སྐྱོར་དང་བརྩེ་བའི་ཐུགས་ཁུར་འོག་འཚར་ལོངས་བྱུང་བ”ཞེས་པའི་རྣམ་གྲངས་ཀྱི་རོགས་སྐྱོར་ཐོབ། ཁྱོན་བསྡོམས་པས་རྣམ་གྲངས་འགྲོ་སོང་རིན་དངུལ་སྒོར་ཁྲི60བརྩོན་ལེན་བྱས། རྣམ་གྲངས་དེ་ནི་བྱིས་པ་ལོ3--11ཅན་ལ་ལོ་རེར་སློབ་སྒྲུབ་སྐུལ་སློང་ཐེབས་རྩའི་རོགས་དངུལ1200རེ་གནང་བཞིན་ཡོད། ལོ12--18ཅན་གྱི་བྱིས་པ་བདག་མེད་དག་ལ་མི་རེར་ལོ་རེར་སློབ་སྒྲུབ་རོགས་དངུལ་སྒོར2000རེ་བྱིན། སློབ་སྒྲུབ་རོགས་དངུལ་དེ་ནི་ལོ་རེར་དཔྱིད་ཚིགས་དང་སྟོན་ཚིགས་ཀྱི་སློབ་འགོ་ཚུགས་སྐབས་སོ་སོར་སྟེར་བཞིན་ཡོད། བྱིས་པ་བདག་མེད་དག་ལ་འཚར་ལོངས་ཀྱི་སྐབས་སུ་འཚོ་བའི་ཆ་རྐྱེན་ཅུང་ཞན་པ་དང་སློབ་སྦྱོང་གི་ཐོན་ཁུངས་མེད་པའི་གནས་ཚུལ་འོག་རོགས་རམ་བྱེད་བཞིན་ཡོད། ཉེ་ལམ། མཚོ་སྔོན་ཞིང་ཆེན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ས་ཁུལ་སོ་སོའི་བུད་མེད་ལྷན་ཚོགས་རྩ་འཛུགས་བྱས་ནས་བྱིས་པ་བདག་མེད356ལ་སློབ་སྒྲུབ་རོགས་དངུལ་སྤྲོད་པའི་བྱ་བ་ལེགས་པོར་སྒྲུབ། རྣམ་གྲངས་དེ་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་བུད་མེད་ལྷན་ཚོགས་རྩ་འཛུགས་ཀྱིས་དུས་ལྟར་རོགས་སྐྱོར་མཁོ་པའི་བྱིས་པ་དང་ལྟ་སྐྱོང་མཁན་ལ་རོགས་སྒྲུབ་མ་དངུལ་གནང་བ་དང་ཆབས་ཅིག ས་གནས་ཀྱི་བྱིས་པ་བདག་མེད་དག་ལ་སེམས་ཁམས་གསོ་པའི་འཆད་ཁྲིད་དང་ལྟ་སྐྱོང་མཁན་གྱི་བཞུགས་མོལ་གྲོས་ཚོགས། རང་བདག་བདེ་འཇགས་ཀྱི་སློབ་གསོ། ཕན་ཚུན་རོལ་རྩེད། ཁྱིམ་ཚང་དུ་སོང་ནས་ཁམས་འདྲི་བྱེད་པ་སོགས་ཀྱི་ཐུགས་ཁུར་ཞབས་ཞུའི་བྱ་འགུལ་རབས་དང་རིམ་པ་རྩ་འཛུགས་བྱས་ནས། ཁོ་ཚོར་ཐུགས་ཁུར་དང་བརྩེ་སེམས། དྲོད་ཁོལ་བཅས་སྦྱིན་ཡོད། བྱ་འགུལ་དེ་སྤེལ་བ་བརྒྱུད་སྤྱི་ཚོགས་སྟེང་གི་སྤྱི་འབངས་ཡོངས་ཀྱིས་བྱིས་པ་བདག་མེད་གཉོར་སྐྱོང་དང་འཚར་ལོངས་ཐད་ཀྱི་གནད་དོན་མང་པོ་ཞིག་ལ་དོ་ཁུར་དང་ཡིད་འཇོག་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།