ཞིང་ཆེན་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་འགོ་ཁྲིད་ཀྱིས་ཞིང་ཆེན་རིམ་པའི་བློ་མཐུན་རྒན་པར་ཁམས་འདྲི་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལོ་སར་སླེབས་ལ་ཉེ་བ་དང་དགུན་གྱི་གྲང་ངར་ཡང་འདས་ཟིན་པའི་སྐབས་འདིར། ཞིང་ཆེན་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་དང་ཀྲུའུ་རེན་གཞོན་པ་མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི་བཅས་སོ་སོས་ཟི་ལིང་དུ་སྡོད་པའི་དབྱང་མའོ་ཅ་དང་ལ་པེན་ལེ། ཡའོ་ཞང་ཁྲིན། མོའུ་ཏུང་ཧྲིན། སུང་ཆན་རིན། ལིས་མེན་ཅིན། སྐལ་བཟང་རྡོ་རྗེ། ཝང་ཨུན་ཁའོ། བློ་བཟང་། ཝུན་ལེན། ཀྲང་ཡུའུ་ལེན། ཀྲའོ་ཡོན་ཀྲུང་། ལིས་ཡུའུ་ལན། ཅ་ཀའོ་མེན། སངས་རྒྱས། ཀོའུ་རོའུ་ཀྲུའུ། སྟག་འབུམ་ཐར། སུའུ་ཉིང་། དབང་མོ་སོགས་ལས་འཁྱུར་བྱས་ཟིན་པའི་བློ་མཐུན་རྒན་པ་དག་ལ་ཁམས་འདྲི་བྱས། དེ་དང་ཆབས་ཅིག་ཚེ་ལས་འདས་ཟིན་པའི་ཞིང་ཆེན་རིམ་པའི་བློ་མཐུན་རྒན་པ་དག་གི་ཁྱིམ་མི་ལ་ཡང་ཁམས་འདྲི་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་བློ་མཐུན་ཝང་ཅན་ཅོན་གྱི་ཐུགས་ཁུར་དང་ཁམས་འདྲི་བརྒྱུད་སྒྲོག་བྱས་ཤིང་། བློ་མཐུན་རྒན་པ་དག་གིས་ལོ་སར་སྐྱིད་པོ་ཞིག་རོལ་བ་དང་བདེ་ཐང་ཚེ་རིང་ཡོང་བའི་སྨོན་འདུན་ཞུས།

ཁམས་འདྲིའི་སྐབས་སུ་ཀྲང་ཀོང་རོང་སོགས་རྒྱུན་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དང་བློ་མཐུན་རྒན་པ་དག་གིས་ཐུགས་བརྩེ་བའི་ངང་ནས་གླེང་མོལ་བྱས་ཤིང་། ཁོ་ཚོའི་ལུས་པོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་གསལ་བོར་དྲིས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་ཞིང་ཆེན་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་བྱ་བའི་གནས་ཚུལ་ཡང་ངོ་སྤྲོད་གསལ་བོ་གནང་། འདས་ཟིན་པའི་ལོ་ངོ་གཅིག་གི་རིང་ལ་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་སྐབས་སོ་སོའི་དམངས་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་ཞིག་བཏིངས་ཏེ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་འཐུས་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དུ་བྱས་ཤིང་། ཞིང་ཆེན་གནས་ཚུལ་གྱི་ཆེས་ཆེ་བ་གསུམ་གཞིར་བཟུང་སྟེ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་འཕེལ་རྒྱས་གསར་པའི་འདུ་ཤེས་དམ་འཛིན་སྒོས། སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྲ་བརྟན་ཆེས་ཆེར་བཏང་ཞིང་། འགེབས་སྲུང་གཉིས་ལེགས་པོར་སྒྲུབ། རང་ཞིང་གི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་ལ་སྤོ་བར་ཡང་སྐུལ་འདེད་བཏང་། བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རིན་ཐང་བྲལ་བའི་ནོར་བུ་ཡིན་པས། བློ་མཐུན་རྒན་པ་དག་གིས་ཀྱང་སྔར་བཞིན་དམའ་འཐུས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས། དམངས་འཐུས་འཕེལ་རྒྱས་ཐད་ལ་བསམ་འཆར་ལེགས་པོ་འདོན་སྤེལ་སྒོས་འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་ལ་རོགས་རམ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་བསམ་འཆར་བཏོན་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།